༼བོད་ཀྱི་གསོ་རིག་སྨན་རྫས་རིས་འགྲེལ་ཀུན་འདུས༽པར་བསྐྲུན་འགྲེམ་སྤེལ་བྱས།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-14
མིག་སྔར། བོད་རང་སྐྱོང་ལྗོངས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞི་སྟེ་བོད་ཀྱི་སྨན་རྫས་བཟོ་སྐྲུན་ལག་རྩལ་ཞེས་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་བློ་བཟང་རྡོ་རྗེས་སྒྲིག་རྩོམ་གནང་བའི《བོད་ཀྱི་གསོ་རིག་སྨན་རྫས་རིས་འགྲེལ་ཀུན་འདུས》དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུའི་ཚོགས་ཆེན་སྐབས་བཅུ་བའི་ཨུ་ཡོན་ཀྲང་གཞོན་པ་རབ་བདེས་དཔེ་ཆ་འདིར་ཚད་མཐོ་བའི་གདེང་འཇོག་གནང་བ་མ་ཟད་ཕྱག་བྲིས་ཀྱང་ཕུལ།
རབ་བདེས་གདེང་འཇོག་ཕྱག་བྲིས་སུ་བསྟན་རྒྱུར། བོད་མི་རིགས་ཀྱི་ལོ་རྒྱུས་དུས་ཡུན་རིང་ཞིང་རིག་གནས་འོད་སྟོང་ལྡན་པ་དང་། བོད་ཀྱི་གསོ་རིག་ནི་བོད་མི་རིགས་ཀྱིས་དུས་ཡུན་རིང་བོར་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་གོ་རིམ་ཁྲོད། ཕྱོགས་གཅིག་ནས་རང་ཉིད་ཀྱི་དངོས་ཡོད་ཉམས་མྱོང་སྤྱི་བསྡོམས་དང་། ཕྱོགས་གཞན་ཞིག་ནས་མི་རིགས་གཞན་གྱི་ཕུལ་བྱུང་གྲུབ་འབྲས་ཉམས་སུ་བླངས་ལ། མཐོ་སྒང་གི་དངོས་ཡོད་གསར་སྐྲུན་དང་ཟུང་སྦྲེལ་བྱས་པའི་སྲོལ་རྒྱུན་གསོ་རིག་ཅིག་ཡིན། མ་ཟད་དེ་ནི་བོད་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་གཅེས་ནོར་དང་། བོད་མི་རིགས་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་མཛད་རྗེས་བླ་མེད་བཞག་པའི་ཉིང་ནོར་ཤུལ་བཞག་ཡིན། ཚན་རིག་གི་སྒོ་ནས་གསོ་རིག་སྲོལ་རྒྱུན་འདི་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་ཅིང་། འདི་ནི་ལོ་རྒྱུས་ཀྱིས་འུ་ཅག་ལ་བསྩལ་བའི་འགན་འཁྲི་གལ་ཆེན་ཞིག་ཡིན། བློ་བཟང་རྡོ་རྗེས་སྐྱེ་དངོས་དང་། གཏེར་རྫས། སྲོག་ཆགས་སོགས་ཕུན་སུམ་ཚོགས་པའི་སྨན་རྫས་སྤྱད་དེ《བོད་ཀྱི་གསོ་རིག་སྨན་རྫས་རིས་འགྲེལ་ཀུན་འདུས》ཞེས་པའི་དཔེ་ཆ་འདི་པར་བསྐྲུན་བྱས་པ་ནི་བོད་ཀྱི་གསོ་རིག་འདི་ཉིད་རྒྱུན་འཛིན་དང་ཞིབ་འཇུག དར་སྤེལ་བྱས་པའི་གྲུབ་འབྲས་གསར་བར་ངེས་ལ། དངོས་ཡོད་ལག་ལེན་བརྒྱུད་དེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་དང་ཕུན་ཚོགས་སུ་གཏོང་བའི་བྱས་རྗེས་ཆེན་པོ་ཞིག་ཀྱང་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། འདིའི་སྔོན་དུ་པར་བསྐྲུན་བྱས་པའི་གསོ་རིག་དཔེ་དེབ་ཁག་ཏུ་སྨན་རྫས་ཀྱི་རྣམ་པ་ཞིབ་འབྲི་དང་དཔེ་ཚུལ་གྱི་པར་རིས་མ་གཏོགས། སྨན་རྫས་དངོས་ཀྱི་པར་རིས་མི་འདུག་པས་ཕྱོགས་ཡོངས་ནས་སྨན་རྫས་ཀྱི་དངོས་ཡོད་གནས་ཚུལ་མངོན་དཀའ་བ་དང་། བོད་ཀྱི་སྨན་རྫས་ཁྲོད་རྣམ་པ་འདྲ་མཚུངས་སུ་ཆགས་པའི་སྨན་སྣ་ཤིན་ཏུ་མང་བས་ཕན་ཚུན་འཁྲུལ་སྦྱོར་བྱེད་ཉེན་ཆེ། 《བོད་ཀྱི་གསོ་རིག་སྨན་རྫས་རིས་འགྲེལ་ཀུན་འདུས》ཞེས་པའི་ཡི་གེ་དང་པར་རིས་ཟུང་སྦྲེལ་གྱི་དཔེ་ཆ་འདིའི་ནང་སྨན་རྫས་སྣ2192འདུས་ཤིང་། བོད་ཀྱི་གསོ་རིག་སྨན་རྫས་ངོས་འཛིན་དང་འཚོལ་ཞིབ། བཟོ་སྐྲུན། ཐོན་སྐྱེད། སློབ་ཁྲིད། དེ་མིན་ཞིབ་འཇུག་སོགས་བོད་ཀྱི་གསོ་རིག་སྨན་རྫས་ལག་ལེན་བྱེད་པར་ཚན་རིག་གི་གཞུང་ལུགས་དང་ལག་ལེན་གྱི་ཁོངས་བསྩལ་བ་རེད། འདི་ནི་བོད་ཀྱི་གསོ་རིག་བྱ་སྒྲུབ་པ་རྣམས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་དུ་འགྱུར་བར་མ་ཟད་བོད་ཀྱི་གསོ་རིག་ཐོན་ལས་ཀྱི་ཚད་ལྡན་ཅན་དང་བདེ་ཐང་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐོན་ངེས།