བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-09-12
《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་འདུལ་བ་བསྡུས་པའི་ཞིབ་འཇུག》ཅེས་པའི་རྒྱབ་ཤོག
《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་འདུལ་བ་བསྡུས་པའི་ཞིབ་འཇུག》གི་རྩོམ་པ་པོ་དགེ་རྒན་ཆེན་མོ་གཡང་འབུམ་རྒྱལ་ལགས།
ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་ནམ་འབུམ་རམས་པ་གཡང་འབུམ་རྒྱལ་ལགས་ཀྱིས་བརྩམས་པའི《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་འདུལ་བ་བསྡུས་པའི་ཞིབ་འཇུག》ཅེས་པ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་དེབ་འདི་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་བརྩམས་ཆོས་གཙོ་ཤོས་པར་བསྐྲུན་གྱི་འཆར་བཀོད་ལས་གཞི་རུ་གཏོགས་པ་རེད།
《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་འདུལ་བ་བསྡུས་པའི་ཞིབ་འཇུག》ཅེས་པའི་དཔེ་དེབ་འདིས་ཧྥ་རན་སི་ནས་ཉར་བའི་ཏུན་ཧོང་བོད་ཡིག་ཤོག་དྲིལP.T.903སྟེ《འདུལ་བ་བསྡུས་པ》ཞེས་པ་དཔྱད་གཞི་ཡིག་ཆ་རུ་བྱས་ཐོག པེ་ཅིང་པར་གཞིའི《བཀའ་བསྟན》ཁྲོད་ཀྱི་བོད་འགྱུར་མ་ལྷན་ཐབས་སུ་བྱས་ནས་བོད་འགྱུར་མའི་ཁྲོད་ཀྱི་ཐ་སྙད་ཁག་ཞིབ་འཇུག་དང་། བོད་ཡིག་དང་རྒྱ་ཡིག་འགྱུར་མ་གཉིས་ལ་ཕྱོགས་སོ་སོ་ནས་དཔྱད་བསྡུར་བྱས་ཡོད་པ་རེད།
ཏུན་ཧོང་བོད་ཡིག་ཤོག་དྲིལP.T.903
དཔེ་དེབ་འདིར་ལེའུ་ལྔ་རུ་འདུས་ཤིང་། གཙོ་བོ་འདུལ་བ་བསྡུས་པ་དང་འབྲེལ་བའི་ཤེས་བྱ་ཕུན་སུམ་ཚོགས་པ་ངོ་སྤྲོད་བྱས་པའི་ཁར། སྐད་བརྡའི་ཡིག་མཛོད་དཔྱད་ཐབས་ཀྱིས་ཏུན་ཧོང་ནས་ཐོན་པའི《འདུལ་བ་བསྡུས་པ》ལ་སྐད་བརྡའི་ཡིག་མཛོད་བསྐྲུན་པ་དང་། བོད་ཡིག་དང་རྒྱ་ཡིག་འགྱུར་གཉིས་ལ་དཔྱད་བསྡུར་བྱས་ནས་པར་གཞི་གཉི་གའི་ཁྲོད་ཀྱི་ཐ་སྙད་རེ་རེ་དང་བརྗོད་བྱ་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཡོད་པ་རེད།
《ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་འདུལ་བ་བསྡུས་པའི་ཞིབ་འཇུག》ཅེས་པ་ནི་རིག་གཞུང་རང་བཞིན་གྱི་ཞིབ་འཇུག་བརྩམས་ཆོས་ཤིག་ཡིན་པར་མ་ཟད། ཏུན་ཧོང་རིག་པའི་ཁྱབ་ཁོངས་དང་། སྒོས་སུ་བོད་རིག་པའི་ཁྱབ་ཁོངས་ཀྱི་ཤོག་དྲིལ་རིགས་གཅིག་ལ་ཆེད་དོན་ཞིབ་འཇུག་གནང་བའི་བརྩམས་ཆོས་མཆོག་ཏུ་གྱུར་བ་ཞིག་ཀྱང་རེད། དཔེ་དེབ་འདིས་ཡིག་རྙིང་ཁྲོད་ཀྱི་འདུལ་བའི་སྡེ་ལ་ཞིབ་འཇུག་བྱེད་པར་ཤོག་ལྷེ་གསར་བ་ཞིག་འགོད་ངེས་ལ། ཏུན་ཧོང་ཡིག་རྙིང་པར་གཞི་ལ་ཞིབ་འཇུག་བྱེད་པར་ཡང་མཐུན་རྐྱེན་བསྐྲུན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10