རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཉི་ཧོང་དུ་ཚོགས་པ།
ཁྲི་གཡུང་དྲུང་། མཚོ་སྔོན་པོ་དྲ་བ། 2012-09-12
དེ་ཡང་རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ2007ལོར་དབྱིན་ཇིའི་རྒྱལ་ཁབ་ཏུ་ཚོགས་པ་དང་། ཐེངས་གཉིས་པ2009ལོར་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་བཞིན། རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པKazushi IWAOདང་། Ai NISHIDA། Meishi YAMAMOTO། Seiji KUMAGAI བཅས་ཀྱི་གོ་སྒྲིག་འོག་ཟླ9བའི་ཚེས3ནས་ཚེས7བར་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀའི་ཀོ་བེ་མཐོ་སློབ་ཏུ་ཚོགས་པ་རེད།
ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཕྱི་ནང་དང་རྒྱལ་ཁབ20ནས་བོད་རིག་པའི་མཁས་དབང་དང་ཉམས་ཞིབ་པ། དགེ་བཤེས། མཐོ་རིམ་སློབ་གྲྭ་བ་སོགས་མི་གྲངས80ལྷག་འཛོམས་ཏེ། ཉིན་རེ་བཞིན་བོད་ཀྱི་གནའ་དེང་གི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་དང་ཆེད་མཁས་པ་རྣམས་ཀྱིས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་ཆོས་ལུགས་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། ཡུལ་གོམས་གཤིས་ལུགས་སོགས་བོད་རིག་པ་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་པའི་སྟེང་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་རེད།
མཇུག་བསྡོམས་སྐབས་འབྱུང་འགྱུར་གྱི་སྐབས་བཞི་པའི་རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་ཚོགས་གཙོ་ལ་འཇར་མན་རྒྱལ་ཁབ་ཀྱི་བྷོན་མཐོ་སློབ(Boon University) ཏུ་བཞུགས་པའི་མཁས་དབང་ཨཅརྱ་སྐལ་བཟང་ནོར་བུ་ལགས་བདམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་སྤྱི་ཁྱབ་དྲུང་ཆེ་ལ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པSeiji KUMAGAI ལགས་དང་བསྡོམས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་མི9བདམས་ཐོན་བྱུང་བ་དང་། སྐབས་ཕྱི་མའི་རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་དེ་འཇར་མན་རྒྱལ་ཁབ་ཏུ་འཚོགས་པར་གཏན་འཁེལ་བྱས།
རྒྱལ་སྤྱིའི་གཞོན་ནུ་མཁས་པའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་དེ་དག་ཕལ་ཆེར་གྱི་མཇུག་འབྲས་སུ། སྐབས་སོ་སོར་སྒྲོག་སྦྱངས་ཞུས་པའི་དཔྱད་རྩོམ་ལེགས་གྲས་རྣམས་ཕྱོགས་བསྡོབས་ཀྱིས་དེབ་གཟུགས་པར་བསྐྲུན་གནང་བཞིན་ཡོད་པ་དང་། ཚོགས་མི་ལའང་སྤྱིར་བཏང་ཚོགས་མི་དང༌། སྤྱི་ཁྱབ་དྲུང་ཆེ། ཚོགས་ཆེན་བསྡུ་སྐོང་གནང་མཁན་གྱི་གོ་སྒྲིག་ཚོགས་གཙོ། ཚོགས་པའི་ཚོགས་གཙོ་བཅས་ཡོད།