སྐྱེ་སྒོ་གོས་སྐུ་ཆེན་མོ་འབུལ་བཞེས་མཛད་སྒོ་ཟི་ལིང་ནས་སྤེལ།

ཚེ་དབང་རྡོ་རྗེ། རིན་ཆེན་སྐྱིད།    མཚོ་སྔོན་བོད་རིགས་དྲ་བ།    2012-09-10

  སྤྱི་ཟླ་དགུ་བའི་ཚེས་ལྔ་ཉིན་ལ། སྐུ་ཞབས་བརྩོན་འགྲུས་རབ་རྒྱས་གཙོས་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་དྲུག་གིས་ལོ་འཁོར་གཉིས་ལ་དཀའ་བ་རྒྱབ་ཏེ་བཞེངས་བའི་རྟེན་གཙོ་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྐྱེ་སྒོ་གོས་སྐུ་ཆེན་མོའི་འབུལ་བཞེས་མཛད་སྒོ་ཟི་ལིང་ནས་སྤེལ་བ་དང་། ས་གནས་བོད་རིགས་དམངས་ཚོགས་དང་ཡུལ་ཤུལ་གཙོ་བའི་བོད་ཁུལ་ས་ཆ་མང་པོའི་སྐུ་མགྲོན་གང་མང་དངོས་སུ་ཕེབས་བཞུགས་གནང་རེད།།

        སྐྱེ་སྒོ་ཞལ་ཐང་ཆེན་མོ་འདི་ནི་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཡུལ་ཤུལ་ས་ཡོམ་ཁྲོད་རྐྱེན་ངན་དུ་ཤོར་བའི་ཚེ་འདས་རྣམས་ལ་རྗེས་དྲན་དང་ཚེ་དང་ལྡན་པ་རྣམས་ལ་སྡུག་བསྔལ་ལས་ཐར་ཆེད་བཞེངས་བ་དང་། ཁྱོན་བསྡོམས་ལོ་ངོ་གཉིས་རིང་གི་གྲ་སྒྲིག་དང་ལག་ལེན་བརྒྱུད་དེ་ད་ལོའི་སྤྱི་ཟླ་དགུ་བའི་ནང་ཡོངས་སུ་ལེགས་འགྲུབ་བྱུང་། འདིའི་སྤྱི་མཐོ་ཚད་ལ་རྨིད་བདུན་ཅུ་ལ་ཉེ་བ་དང་། ཞེང་ལ་རྨིད་ལ་ལྔ་བཅུ་ཡོད་པ་རྣམས་གོས་སྤུས་ལེགས་སྣ་ཁ་མི་འདྲ་བ་ཉེར་བརྒྱད་ ལྷག་གིས་བཞེངས་ཤིང་། གོས་རིང་ཚད་14620 ལྷག་གི་རྒྱུ་ཆ་འགྲོ་སོང་བཏང་ཞིང་། ལག་རྩལ་རྩེ་མོར་སོན་པའི་ལྷ་རིས་པ་དྲུག་ལྷག་ལས་ཀར་ཞུགས་ནས་བྱོན་གང་ལེགས་དང་ སྤུས་ཀ་གང་བཟང་གི་ཆ་རྐྱེན་ཚད་མཐོན་པོའི་འོག་ནས་བཞེངས་ཡོད། རྟེན་མཆོག་ཁྱད་པར་ཅན་འདིའི་གཙོ་སྐུ་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་བ་ཁྲི་ རྒྱབ་དྲུག་འགྱོགས་བྱོན་ལེགས་ཉམས་དགའ་བ་ཅན་དང་། མཐའ་འཁོར་དུ་ཤི་གསོན་ཀུན་གྱི་སྐྱབས་གནས་མཐར་ཐུག་གྲུབ་མཐའ་རིས་སུ་མེད་པའི་ ལྷ་ཚོགས་ཞལ་གྲངས་སུམ་ཅུ་བཞུགས་ཤིང་། འདབས་ན་ས་ཡོམ་སྐབས་སུ་ཚེ་ལས་འདས་པ་ཡོངས་ཀྱི་མིང་ཐོ་དང་སྐྱེས་ཆེན་དམ་པའི་ བསྔོ་བ་སྨོན་ལམ་དང་བཅས་པ་བཀོད་ཡོད།
        ཡང་སྐྱེ་སྒོ་ཞལ་ཐང་ཆེན་མོ་འདི་འདན་དཀར་དགོན་དང་སྤྲུལ་སྐུ་དུལ་མོ་ཆོས་རྗེ་ མཆོག་ནས་འགན་བཞེས་ཏེ་དགོན་པའི་རྒྱབ་རི་བཀྲི་སྒང་དུ་ལོ་རེ་བཞིན་བཤམས་ནས་ས་ ཡོམ་གྱི་ཉིན་མོ་སྲུང་བརྩི་དང་བསྔོ་བ་སྔོན་ལམ་གྱི་ཆོས་སྟོན་གང་རྒྱས་ལ་བརྟེན་ ནས་ཁམས་སྟོད་བོད་དམངས་ཀྱི་ནང་བསམ་པའི་སྡུག་བསྔལ་སངས་པ་ཞིག་དང་། ཚེ་འདས་ཐམས་ཅད་ངན་སོང་ལས་ཐར་བ། ཚེ་དང་ལྡན་པ་རྣམས་ལ་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་ཞིག་སྒྲུབ་ཐུབ་པ་ནི་སྐུ་ ཞབས་བརྩོན་འགྲུས་རབ་རྒྱས་ལགས་ཀྱི་རེ་བ་ཉག་གཅིག་ཡིན་ལ། ཚེ་འདས་མིང་ཐོ་མ་ཚུད་པ་ཁ་སྐོང་དགོས་པ་རྣམས་ཀྱང་དགོན་པས་འགན་ཁུར་ནས་ཁམས་ སྟོད་བོད་དམངས་ཀྱི་སེམས་ཟིན་པའི་རྟེན་མཆོག་ཁྱད་པར་ཅན་ཞིག་ཏུ་འགྱུར་ཐུབ་པར་ ཡིད་ཆེས་ཡོད་དོ།།

  • ལེ་ཚན་སྔོན་མ།:ཀན་ལྷོ་ཁུལ་གྱིས་ན་གཞོན་ལས་སྒྲུབ་པ་རྣམས་ལ་བོད་རྒྱ་སྐད་གཉིས་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ལོ་འདིའི་ནང་རོང་འབྲོག་པ་མང་ཚོགས་ཁྲི274ཡི་ལུས་པོར་ཞིབ་བཤེར་ལས་འགན་ལེགས་འགྲུབ་འབྱུང་བར་
  • དོ་སྣང་ཆེ་བའི་རྩོམ།