《བོད་ཀྱི་དམངས་ཁྲོད་རྩོམ་རིག་ཞིབ་འཇུག》ཅེས་པའི་ཆེད་དོན་མཇུག་སྒྲིལ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-09-06
མིག་སྔར། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་གླིང་གི་དགེ་རྒན་གཡང་མོ་སྐྱིད་ཀྱིས་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ《བོད་ཀྱི་དམངས་ཁྲོད་རྩོམ་རིག་ཞིབ་འཇུག》(ལས་གཞི་ཆོག་མཆན་ཨང་རྟགས། 09XZW019)ཅེས་པ་འབྲེལ་ཡོད་ཆེད་མཁས་པས་དཔྱད་བཤེར་དང་རྒྱལ་ཡོངས་མཚན་ཉིད་སྤྱི་ཚོགས་ཚན་རིག་འཆར་འགོད་གཞུང་ལས་ཁང་གིས་ཆོག་མཆན་གནང་བར་བརྒྱུད། གཞི་ནས་བདེ་བླག་ངང་ཆེད་དོན་མཇུག་སྒྲིལ་བ་དང་ལས་གཞི་མཇུག་སྒྲིལ་བའི་ཨང་རིམ་ལེགས་པོར་གཏན་འཁེལ་བྱས།
ལས་གཞི་འདི་ནི་ཕུན་སུམ་ཚོགས་པའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་དག་རྒྱུ་ཆར་བཟུང་བ་དང་། དེང་རབས་རིག་གནས་མིའི་རིགས་རིག་པ་དང་། དམངས་སྲོལ་རིག་པ་སོགས་རིག་ཚན་གྱི་གཞུང་ལུགས་དང་ཞིབ་འཇུག་བྱ་ཐབས་དང་སྦྲགས། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ལོ་རྒྱུས་དང་ད་ལྟའི་གནས་བབས། འཚོ་སྡོད་གནས་ཚུལ། རང་སྟེང་གི་ཁྱད་ཆོས། རིག་གནས་ཀྱི་རིན་ཐང་། མཛེས་དཔྱད་ཀྱི་ཁྱད་ཆོས་སོགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱས།
བོད་ཁུལ་དུ་ཡུལ་དངོས་གཟིགས་ཞིབ་བྱས་པར་བརྒྱུད། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རྒྱུན་སྤེལ་དང་འགྱུར་བ། སྒོས་སུ་བོད་ཀྱི་དམངས་ཁྲོད་རྩོམ་རིག་དེ་དུས་ཡུན་རིང་བོར་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་ས་ཁུལ་མི་མཐུན་པའི་དབར་ཕན་ཚུན་ཤུགས་རྐྱེན་དང་། ཕན་ཚུན་མཐུན་སྦྱོར། ཕན་ཚུན་བེད་སྤྱོད། ཕན་ཚུན་སྐུལ་འདེད་བཅས་བྱེད་པའི་ངོ་བོ་དང་ཆོས་ཉིད་ཐད་ནས་ཅུང་གཏིང་ཟབ་ཀྱིས་དབྱེ་ཞིབ་བྱས་ཡོད། དེའི་མཚུངས་སུ་འདི་ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ལོ་རྒྱུས། མི་རིགས། སྤྱི་ཚོགས། ཆོས་ལུགས། རིག་གནས། ཚེ་སྲོག་སོགས་རིག་གཞུང་ཁྱབ་ཁོངས་ཞིབ་འཇུག་བྱེད་པར་ཚད་མཐོའི་དཔྱད་གཞིའི་རིན་ཐང་ལྡན།