ཚེ་དབང་རྣམ་རྒྱལ། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-09-03
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར་ཐེན་ཅིན་དུ་འགན་སྲུང་ཁང་བ་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། བདེ་སྡོད་བཟོ་སྐྲུན་གྱི་འཕེལ་རིམ་བཟང་ངན་དང་ཆུ་ཚད་མཐོ་དམན་ཚད་འཇལ་སྐབས་ལས་མགོ་བརྩམས་པའི་གྲངས་ཀ་ཁོ་ནར་བལྟ་མི་རུང་ལ་ལས་ནས་གྲུབ་པའི་གྲངས་ཀ་ཁོ་ནར་མི་བལྟ་བར་དུས་ཐོག་ཏུ་ཚོང་རར་བཏོན་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཐག་བཅད་མིན་དང་སྤུས་ཀ་དང་ཞབས་ཕྱི་ཐད་ནས་མང་ཚོགས་ཡིད་ཚིམ་ཡོད་མེད་ལ་བལྟ་དགོས་ཟེར།
ཝུན་ཅ་པའོ་ཐེན་ཅིན་གྲོང་ཁྱེར་པའེ་ཁྲིན་ས་ཁུལ་ཧྲོང་ཆིན་ཁྱིམ་གཞི་གསར་བའི་འཛུགས་སྐྲུན་ལས་ཡུལ་དུ་ཕེབས། གནས་འདི་ནི་ཐེན་ཅིན་གྱིས་ད་ལྟ་ལས་བཞིན་པ་དང་གཞི་ཁྱོན་ཆེས་ཆེ་བའི་འགན་སྲུང་རང་བཞིན་གྱི་ཁང་བའི་ལས་གཞི་ཡིན། ལས་གཞིའི་སྤྱིའི་གཞི་སའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ས་ཡ་གསུམ་དང་འབུམ་གཉིས་ཁྲི་ལྔ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ས་ཡ་གསུམ་དང་འབུམ་བདུན་ཡོད། སྤྱི་བའི་གླ་གཏོང་ཁང་བ་དང་། རིན་གོང་ཚད་བཟུང་བའི་ཕྱིར་ཚོང་ཁང་བ། སྤྱིར་བཏང་གི་ཉོ་ཚོང་ཁང་བ། ཚོང་ལས་བདག་གཉེར་སོགས་འདུས་ཡོད། ཝུན་ཅ་པའོ་ལས་ཀ་ལས་བཞིན་པའི་ཐོག་ཁང་དུ་ཕེབས་ནས་ཁང་བའི་གྲུབ་སྟངས་དང་འཛུགས་སྐྲུན་གནས་ཚུལ་སོགས་ལ་གཟིགས་ཞིབ་མཛད། ཝུན་ཅ་པའོ་ཡིས་ལས་ཀ་ལས་པའི་རུ་ཁག་ལ་གསུངས་དོན། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་ལ། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ཡོང་སྒོ་དམའ་བའི་མང་ཚོགས་ཀྱི་ཁེ་ཕན་དངོས་ལ་འབྲེལ་བ་ཡོད་པས་ཁྱོད་ཚོས་སྤུས་ཀ་དང་བདེ་འཇགས་གོ་གནས་དང་པོར་བཞག་སྟེ་ཇུས་འགོད་དང་། ལས་སྐྲུན། ལྟ་སྐུལ་དོ་དམ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་ལྷུ་ཚིགས་རེ་རེ་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བར་ཡག་ཐོག་རྒྱན་བརྩེགས་དང་མི་དམངས་ཡིད་ཚིམ་པ་དང་ཏང་དང་སྲིད་གཞུང་སེམས་བདེ་རུ་འཇུག་དགོས་ཞེས་བསྟན།
དེའི་རྗེས་སུ། ལས་ཡུལ་འགྲམ་གྱི་ཁང་ལེབ་ནང་ཝུན་ཅ་པའོ་ཡིས་འགན་སྲུང་ཁང་བ་འཛུགས་སྐྲུན་དང་། ལས་བཟོ། ལྟ་སྐུལ་དོ་དམ་བྱེད་པའི་ལས་ཁུངས་ཀྱི་འགན་འཁུར་པ་དང་བཞུགས་མོལ་མཛད། ཝུན་ཅ་པའོ་ཡིས་གསུངས་དོན། ཉིས་སྟོང་དགུ་ལོ་ནས་ཉིས་སྟོང་བཅུ་གཅིག་ལོའི་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་མཁར་གྲོང་འགན་སྲུང་ཁང་བ་བྱེ་བ་གཉིས་དང་ས་ཡ་གཅིག་ལས་མགོ་བརྩམས་པ་དང་། ཁང་བ་བྱེ་བ་གཅིག་དང་ས་ཡ་གཅིག་ཕལ་ཆེར་ལས་ནས་འགྲུབ། འགན་སྲུང་རང་བཞིན་གྱི་ཁང་བའི་ཁེབས་རྒྱ་ཉིས་སྟོང་བརྒྱད་ལོའི་བརྒྱ་ཆའི་བཞི་ཡང་མི་ཐོན་པ་ནས་བརྒྱ་ཆའི་བཅུ་གཅིག་ལ་ཇེ་མཐོར་སོང་ཞིང་། བྱ་བ་འདི་ལ་རྒྱ་ཆེའི་མང་ཚོགས་ཀྱི་གོང་བཀུར་ཐོབ། དོན་དངོས་ལས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ནི་གོང་སྤེལ་གྱི་བཟོ་སྐྲུན་ཡིན་ལ། དམངས་སེམས་བཟོ་སྐྲུན་ཞིག་ཀྱང་ཡིན་ཟེར།
ཝུན་ཅ་པའོ་ཡིས་གསུངས་དོན། འགན་སྲུང་ཁང་བའི་བྱ་བ་ལེགས་སྒྲུབ་བྱེད་པ་ནི་ཁང་རིན་གཏན་འཇགས་དང་། ས་ཁང་བདག་ཁོངས་ཚོང་ར་སྙོམས་སྒྲིག་ཚོད་འཛིན་བྱེད་པའི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བའི་རྐང་འཛིན་ནུས་པ་གཙོ་བོ་ཡིན། སྐོར་འདིའི་ས་ཁང་བདག་ཁོངས་སྙོམས་སྒྲིག་ཚོད་འཛིན་བྱས་ནས་ལོ་གཉིས་འགོར་ལ་གྲུབ་འབྲས་མངོན་གསལ་བླངས་ཤིང་། ཁང་རིན་འཕར་པ་མགྱོགས་དྲག་པ་དེ་སྤྱི་ནས་ཚོད་འཛིན་བྱས། ཡིན་ཡང་ས་ཁང་བདག་ཁོངས་ཚོང་ར་སྙོམས་སྒྲིག་ཚོད་འཛིན་བྱེད་པ་དེ་སྔར་བཞིན་དུ་གནད་འགག་གི་དུས་སྐབས་སུ་གནས་པས་ས་ཁང་བདག་ཁོངས་ཚོང་ར་སྙོམས་སྒྲིག་ཚོད་འཛིན་བྱས་པའི་གྲུབ་འབྲས་ཇེ་བརྟན་དུ་གཏོང་ན་སྐབས་འཚོལ་གྱི་དངུལ་གཏོང་རང་བཞིན་གྱི་ཁང་བ་ཉོ་བའི་དགོས་མཁོ་རྦད་ཆོད་ཀྱིས་གཏན་འགོག་བྱེད་དགོས་ལ། དེ་བས་ཀྱང་གལ་ཆེ་བ་ནི་ཁང་བའི་ཕན་ཡོད་མཁོ་སྤྲོད་ཇེ་མང་དུ་གཏོང་དགོས་པ་དང་། ཕྱིར་ཚོང་ཁང་བ་དཀྱུས་མ་དང་འགན་སྲུང་ཁང་བའི་མཁོ་སྤྲོད་ནང་དུ་འདུ་ལ། ལས་ཟིན་པའི་འགན་སྲུང་ཁང་བ་གང་མགྱོགས་སྒོས་ཚོང་རར་གཏོང་དགོས། གལ་ཏེ་ལས་ནས་འགྲུབ་པའི་འགན་སྲུང་ཁང་བ་བསྐྱུར་ནས་མི་བཀོལ་བ་དང་ཡང་ན་མང་ཚོགས་ཀྱིས་བཀོལ་ནས་ཡིད་མ་ཚིམ་ཚེ་མང་ཚོགས་ཀྱི་དཀའ་ཁག་སེལ་མ་ཐུབ་པ་མ་ཟད་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱིས་དཔལ་འབྱོར་གོང་དུ་སྤེལ་བའི་ཡར་སྐུལ་ནུས་པ་ཡང་འདོན་མི་ཐུབ་པས་དེ་ཚད་ལྡན་དུ་བརྩི་མི་རུང་ཟེར།
ཝུན་ཅ་པའོ་ཡིས་གསུངས་དོན། འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་འཆར་འགོད་དང་འཛུགས་སྐྲུན། བགོ་བཤའ་སོགས་གནད་འགག་གི་ལྷུ་ཚིགས་འགའ་ལ་གཙིགས་ཆེན་བྱེད་དགོས། དང་པོ། འཛུགས་སྐྲུན་ལྷུ་ཚིགས་ནས་དུས་ལྟར་ལས་མགོ་རྩོམ་དགོས་པ་ལ་གཞན། ཆེས་གལ་ཆེ་བ་ནི་སྤུས་ཀར་འགན་སྲུང་བྱེད་དགོས། སྤུས་ཀ་ནི་བདེ་སྡོད་བཟོ་སྐྲུན་གྱི་ཚེ་སྲོག་ལྟ་བུར་འཛིན་དགོས། གཉིས་པ། བགོ་བཤའ་དང་དོ་དམ་གྱི་ལྷུ་ཚིགས་ནས་སྒྲིག་ལམ་ནན་མོ་དང་ཚད་ལྡན་གྱི་གོ་རིམ་ངེས་པར་དུ་གཏན་ལ་ཕབ་ནས་མངོན་གསལ་དང་དྲང་བདེན་ཡིན་དགོས། རེ་ཞུ་དང་དང་ལེན། ཞིབ་བཤེར། ཁྱབ་སྒྲོག་བཅས་གོ་རིམ་སོ་སོ་ནས་འདྲ་མཉམ་ཡོང་བར་བྱས་ཚེ་ད་གཟོད་མཇུག་འབྲས་འདྲ་མཉམ་ཡོང་བར་འགན་སྲུང་བྱེད་ཐུབ། གསུམ་པ། བཀོད་སྒྲིག་དང་ཆ་ཚང་སྒྲིག་ཆས་ངེས་པར་དུ་གོ་གནས་གལ་ཆེན་ཞིག་ཏུ་འཇོག་དགོས། འགན་སྲུང་རང་བཞིན་གྱི་ཁང་བ་འཆར་འགོད་དང་གཞི་ས་གདམ་པར་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་མང་ཚོགས་ཀྱི་འགྲིམ་འགྲུལ་དང་སློབ་གྲྭར་འགྲོ་བ། དངོས་པོ་ཉོ་བ། སྨན་པར་སྟོན་པ་སོགས་དོན་དངོས་གནད་དོན་ལ་བསམ་བློ་བཟང་བོ་གཏོང་དགོས། ཆ་ཚང་སྒྲིག་ཆས་དང་འགན་སྲུང་ཁང་བ་གཉིས་མཉམ་དུ་འཆར་འགོད་དང་མཉམ་དུ་འཛུགས་སྐྲུན་བྱས་ནས་མང་ཚོགས་ཀྱི་ཁང་བ་གླ་ཐུབ་པ་དང་འདུག་ཐུབ་ཏུ་འཇུག་དགོས་པ་མ་ཟད་མང་ཚོགས་ཀྱིས་འཚོ་བར་དོན་དམ་པས་སྟབས་བདེ་བཟོ་དགོས་ཟེར།
ཝུན་ཅ་པའོ་ད་རུང་ཐེན་ཅིན་སྤྱི་གླ་ཁང་བ་དང་རིན་གོང་བདེ་བའི་ཁང་བ་ལས་པའི་མཁར་སྡེ་ཆུང་བ་དབྱི་ཅ་གླིང་ལ་ཕེབས་ནས་སྡོད་དམངས་རྣམས་ལ་སྐོར་བརྒྱབ་སྟེ་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཀའོ་ལིས་ཀྱིས་གཟིགས་ཞིབ་གནང་བར་འགྲོ་རོགས་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10