གཞིས་ཀ་རྩེ་ས་ཁུལ་གྱི་སྒྱུ་རྩལ་ཐོན་རྫས་ཀྱི་ལས་རིགས་མཐུན་ཚོགས་བཙུགས་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-08-31
ཟླ8པའི་ཚེས26ཉིན། གཞིས་ཀ་རྩེ་ས་ཁུལ་གྱི་སྒྱུ་རྩལ་ཐོན་རྫས་ཀྱི་ལས་རིགས་མཐུན་ཚོགས་བཙུགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་གཞིས་ཀ་རྩེ་གྲོང་ཁྱེར་དུ་སྤེལ།
རྒྱུས་ལོན་པ་ལྟར་ན། གཞིས་ཀ་རྩེ་ས་ཁུལ་གྱི་སྒྱུ་རྩལ་ཐོན་རྫས་ཀྱི་ལས་རིགས་མཐུན་ཚོགས་ནི་གཞིས་ཀ་རྩེ་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་བྱུང་བའི་དམངས་ཁྲོད་རྩ་འཛུགས་དང་པོ་དེ་ཡིན། མཐུན་ཚོགས་འདི་བཙུགས་པ་ལས་གཞིས་ཀ་རྩེ་ས་ཁུལ་གྱི་མི་རིགས་རིག་གནས་སྒྱུ་རྩལ་ལས་དོན་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་བར་སྔར་ལས་ལྷག་པའི་སྟེགས་བུ་བསྐྲུན་པ་རེད།
ཚོགས་ཐོག་ཏུ་འབྲེལ་ཡོད་འགོ་ཁྲིད་ཀྱིས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མི་རིགས་རིག་གནས་སྒྱུ་རྩལ་ཐོན་རྫས་ཀྱི་རྒྱུན་འཛིན་དང་བཀོལ་སྤྱོད། འཕེལ་རྒྱས་བཅས་དམིགས་སུ་བཟུང་སྟེ། གཞིས་ཀ་རྩེ་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་ཐོན་རྫས་ལས་རིགས་ཉིད་ཚན་རིག་དང་མཐུན་ཞིང་། བདེ་ཐང་འཕེལ་རྒྱས་བྱེད་པར་འབད་དགོས་པ་བསྟན།