ཀླུ་ཚང་སྨྱུག་གསར། མཚོ་སྔོན་པོ་དྲ་བ། 2012-08-30
《མང་བུ་སྣང་གྲགས་ཀྱི་དཔེ་ཚོགས》དེབ་དྲུག་ངོ་སྤྲོད།
《མང་བུ་སྣང་གྲགས་ཀྱི་དཔེ་ཚོགས》ཞེས་པའི་དེབ་ཕྲེང་དྲུག་གི་རྩོམ་པ་པོ་ནི་བསྟན་འཛིན་མཁས་གྲུབ་བམ་མང་བུ་སྣང་གྲགས་ཡིན་ལ། དེ་ཡང་ཤེས་བྱ་རིག་པའི་བང་ཁ་ཀློང་དུ་རྡོལ་བའི་གངས་ཅན་པ་སྤྱི་དང༌། ཁྱད་པར་དུ་རང་ས་གནས་འདིའི་ཤེས་ལྡན་པ་རྣམས་ཀྱི་གྲས་སུ་ཨུ་ཚུགས་ཀྱིས་འཚང་ཁ་རྒྱག་བཞིན་པའི་ལྟོ་སྐྱ་གོས་ཧྲུལ་གྱི་གྲྭ་བཙུན་དཀྱུས་མ་ཞིག་ཡིན། ཁོས་ཀྱང་ཁེངས་པ་སྐྱུངས་མཁས་པའི་ཡོན་ཏན་པ་སྤྱི་ལྟར་སྦྱངས་སྟོབས་ཀྱི་ཡོན་ཏན་མེད། བསམ་བློའི་གོ་རྟོག་མེད། སྙིང་རྗེ་གཞན་ཕན་མེད་ཅེས་མེད་ལ་མེད་དགུ་ཚང་བར་རྩིས་ཡོད་ན་ཡང༌། ཁོའི་དེབ་དག་ལ་ཤོག་ངོས1422ལོང་བའི་ཤོག་ཚད་དང་ནང་གི་སྤུས་ཚད་ལ་བལྟས་ན། གྲྭ་རྐྱང་དཀྱུས་མ་ཞིག་གི་འཇོན་ཐང་གི་ལྗིད་ཚད་བརྒལ་འདུག་པར་སྙམ། ཁོང་གི《མང་བུ་སྣང་གྲགས་ཀྱི་དཔེ་ཚོགས》ཞེས་པར་དེབ་དྲུག་འདུས་ཏེ། མི་ཚེའི་གཟི་བརྗིད་ཅེས་པ་དང་། མི་ཚེའི་རིན་ཐང༌། མི་ཚེའི་འབོད་སྐུལ། མི་ཚེའི་འཚོ་སྟངས། མི་ཚེའི་བགྲོད་ལམ། མི་ཚེའི་བརྒྱུད་རིམ་བཅས་ཡོད།
དེ་ཡང་དཔེ་ཚོགས་དེབ་ཕྲེང་དང་པོ་དང་གཉིས་པ། མི་ཚེའི་གཟི་བརྗིད་དང་མི་ཚེའི་རིན་ཐང་གཉིས་ནི་བོད་གངས་ཅན་ས་དགེ་རྙིང་གསུམ་གྱི་བྲག་རི་ལྟར་བརྩིགས་པའི་གསུང་འབུམ་དཀར་ཆག་དང༌། རྩོམ་པ་པོ་དག་ངོ་སྤྲོད་མདོར་བསྡུས་རེ་བྱས་ཡོད་ལ། སྔོན་མའི་དཀར་ཆག་དག་དང་མི་འདྲ་ས་ཞིག་ཡོད་པ་ནི་མཁས་པ་སོ་སོའི་མཚན་དང་གསུངས་འབུམ་ཞེས་བརྗོད་པའི་མཐར། པོད་དང་པོ་ཞེས་བྲིས་པ་དང༌། དེ་ནས་པོད་དེའི་ནང་བཞུགས་པའི་གསུང་ཚན་རེ་རེ་གསལ་བོར་བྲིས་ཡོད་པ་མ་ཟད། གསུང་ཚན་རེ་རེ་ཡི་ཐིག་མགོར་ཨང་རྟགས་བཀོད་དེ་མཇུག་མཐར་པོད་དེའི་ནང་དུ་གསུང་ཚན་བསྡོམས་པའི་ག་ཚོད་ཡོད་པ་དང་གནས་གང་དུ་པར་བསྐྲུན་བྱས་པ་སོགས་གསལ་བོ་བྲིས་ཡོད། དེབ་གསུམ་པ། མི་ཚེའི་འབོད་སྐུལ་ཞེས་པར་དགའ་སྐྱོ་ཆགས་སྡང་གིས་དེད་པའི་སེམས་འགྱུ་སྣ་ཚོགས་སྲོལ་རྒྱུན་གྱི་ལམ་ནས་བཀོད་ཡོད། དེབ་བཞི་བ། མི་ཚེའི་འཚོ་སྟངས་ནི་སློབ་གསོའི་དཔྱད་གཏམ་སོགས་དང༌། དེབ་ལྔ་བ། མི་ཚེའི་བགྲོད་ལམ་ནི་ཆོས་ལུགས་ལ་མཁོ་བའི་ཕྱག་རྒྱའི་དཔེ་རིས་སྒོས་བཀོད་པ་དེས་བློ་ཁ་དམན་པ་དག་ལ་ཕན་ཐོགས་ཆེ་བ་སོགས་ཀྱི་ཁྱད་ཆོས་མངོན་ཡོད། དེབ་དྲུག་པ། མི་ཚེའི་བརྒྱུད་རིམ་ནི་རྒྱལ་རྒྱུད་ཀྱི་འཁྲུངས་འདས་མི་མཐུན་པའི་ལོ་ཚིགས་སོགས་ལོ་རྒྱུས་ཀྱི་སྐོར་བཅས་བཀོད་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10