ཝུན་ཅ་པའོ་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

འཕགས་རྡོར།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-08-30

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་ཉེར་དགུ་ཉིན་ཀྲུང་ནན་ཧེ་ཙི་གུང་ཀིག་ནས་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ལ་མཇལ་འཕྲད་གནང་།
ཝུན་ཅ་པའོ་ཡིས་གསུང་རྒྱུར།ཀྲུའུ་ཞི་ཧུའུ་ཅིན་ཐའོ་དང་ཙུང་ཐུང་མུའུ་ཨར་ཞི་གཉིས་ཀྱིས་གནས་བབ་གསར་བའི་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཕྱོགས་སུ་གཅིག་མཐུན་གྱི་ལྟ་ཚུལ་གལ་ཆེན་བྱུང་ཡོད་ལ།ཀྲུང་གོའི་སྲིད་གཞུང་གིས་ཨེ་ཅིབ་ཀྱི་བདེ་འཇགས་སྲུང་འཛིན་དང་དཔལ་འབྱོར་གོང་དུ་སྤེལ་བ། དམངས་འཚོ་ལེགས་བསྒྱུར་བྱེད་པ་དང་། ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་བཏོན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཨེ་ཅིབ་ཕྱོགས་དང་མཉམ་དུ་འབད་པ་བྱས་ཏེ་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་མཉམ་ལས་བྱ་བ་མདུན་ནས་མདུན་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་གསུངས།
ཝུན་ཅ་པའོ་ཡིས་བསྟན་དོན།ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྱོར་ཚོང་མཉམ་ལས་དེ་འདྲ་མཉམ་གཉིས་ཕན་གྱི་རྨང་གཞི་སྟེང་བཙུགས་པ་ཡིན་ལ་དེ་ཕྱོགས་གཉིས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན།ད་ཡོད་སྒྲིག་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།འཆར་བཀོད་སྣེ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་ཆབས་ཅིག་མཉམ་ལས་གསར་བའི་ཁྱབ་ཁོངས་ཞིབ་འཇུག་དང་གསར་གཏོད་བྱེད་དགོས། གྲོས་བཅད་བྱས་པའི་ལས་གཞི་ཆེན་པོ་བཙུགས་ཡོད་པ་བདེ་བླག་ངང་ལག་བསྟར་བྱེད་པ་ཁག་ཐེག་བྱེད་པར་བརྟེན།དེ་ཚོས་བྲེལ་མྱུར་སྒོས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་དགོས།དམངས་འཚོ་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ།མང་ཚོགས་ཕལ་བ་མང་པོ་ཞིག་ལ་དོན་དངོས་ཀྱི་ཕན་ཁེ་ཐོབ་པར་བྱེད་པ་དང་།ཨེ་ཅིབ་ཕྱོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།འབྲེལ་ཡོད་ཀྱི་མ་དངུལ་གཏོང་བ་ཁྱབ་སྤེལ་དང་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ནས་ཕྱོགས་གཉིས་ཀྱི་ཁྲིམས་ལུགས་གྲོས་ཆོད་འཐུས་ཚང་དུ་བཏང་སྟེ།ཕྱོགས་གཉིས་ཀྱི་མཉམ་ལས་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་གསུངས།
མུའུ་ཨར་ཞི་ཡིས་བསྟན་དོན།ཨེ་ཅིང་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་ཅིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྲ་ཞིང་བརྟན་པའི་རྨང་གཞི་ཡོད།ཨེ་ཅིབ་དམིགས་བསལ་གྱི་ལོ་རྒྱུས་འཕེལ་རིམ་སྐབས་སུ་གནས་ཡོད་པས།སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དེས་ཨེ་ཅིབ་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན།ཨེ་ཅིབ་ཕྱོགས་ནས་ཡུན་རིང་གི་འཕེལ་རྒྱས་འཆར་བཀོད་གཏན་འཁེལ་བྱས་ཡོད་ཅིང་།ཁྱད་དུ་འཕགས་པའི་ས་བབས་ཀྱི་ཆ་རྐྱེན་ཡོད་པས།ཀྲུང་གོའི་ཕྱོགས་ཀྱི་འབྱོར་ཚོང་དང་དངུལ་གཏོང་།གློག་རྡུལ་བརྡ་འཕྲིན་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན།ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་།ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁ་ནས་ཁྲོམ་ར་རྒྱ་བསྐྱེད་པར་སྟབས་བདེ་གང་ལེགས་བསྐྲུན་ཏེ།ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བའི་ཐད་ནས་སྔར་ལས་ལྷག་པའི་འཕེལ་རྒྱས་ཞིག་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་ཀན་སུའུ་རུ་བྱ་བར་རྟོག་ཞིབ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།