ལིས་ཁྲང་ཁྲོན་གྱིས་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་པ།

འཕགས་རྡོར།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས18ཉིན་ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལིས་ཁྲང་ཁྲོན་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁྲི་ཧྥུན་དང་ཞི་ལིན་ཀའོ་ལིག པ་ཡན་ཀྲའོ་ཨར་དང་ཨི་ཨར་ཏའོ་སི། མཁར་སྔོན་པོ་སོགས་ས་ཁུལ་གྱི་ཁེ་ལས་དང་སློབ་གྲྭ། རོང་འབྲོག་ཁུལ་དང་མཁར་སྡེ། དྲིལ་སྒྲོག་རིག་གནས་ལས་ཁུངས་སོགས་སུ་ཕེབས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དངོས་འབེབས་མཐའ་འཁྱོལ་བྱས་ཏེ། དཔལ་འབྱོར་འཕེལ་སྟངས་མྱུར་དུ་བསྒྱུར་བའི་བ་དང་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་རྟོག་ཞིབ་མཛད།

ལིས་ཁྲང་ཁྲོན་གྱིས་ནང་སོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་ཞི་ལིན་ཀའོ་ལིག་མིན་གྱི་འབྲོག་པ་སུའུ་རི་ཡའི་ཁྱིམ་དུ་ཕེབས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རིགས་སོ་སོའི་མང་ཚོགས་ལ་སྙིང་ཉེ་བའི་འཚམས་འདྲི་མཛད་པ་བརྒྱུད་བསྒྲགས་གནང་། སུའུ་རི་ཡས་ཕྱུགས་ལས་ཐོན་སྐྱེད་དོ་དམ་གྱི་རྣམ་པ་བསྒྱུར་བ་ལ་བརྟེན་ནས། ཡོང་སྒོ་མུ་མཐུད་དུ་འཕར་སྣོན་བྱུང་ཡོད་པ་ཤེས་རྗེས། ལིས་ཁྲང་ཁྲོན་དགའ་སྤྲོ་ཆེན་པོ་སྐྱེས། དབྱི་ལིས་སྡེ་ཚོགས་ཀུང་ཟི་དང་མིན་ཉིག་འོ་ལས་སྡེ་ཚོགས་ཀུང་ཟི་གཉིས་ནི་རང་རྒྱལ་གྱི་འོ་རྫས་ལས་རིགས་ཀྱི་སྣེ་ཁྲིད་རྐང་འཛིན་ཁེ་ལས་ཡིན། ལིས་ཁྲོང་ཁྲོན་གྱིས་འོ་རྫས་ལས་བཟོ་དང་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཐོག་མཐའ་བར་གསུམ་དུ་རྒྱུ་སྤུས་དེ་ཁེ་ལས་ཀྱི་ཚེ་སྲོག་ལྟ་བུ་ཞིག་ཏུ་བཟུང་སྟེ། མང་ཚོགས་ལ་བཙོག་མེད་གཙང་དག་དང་བདེ་འཇགས་ཡིད་ཆེས་ཀྱི་འོ་རྫས་ཤིག་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན། ཀྲུང་ཞིན་ཁྱད་རིགས་རླངས་འཁོར་ལས་བཟོ་ཀུང་ཟི་དང་ཧའོ་ཡོན་རྒྱུ་ཆ་གསར་བའི་ཚན་རྩལ་གླིང་ནས། ལིས་ཁྲོང་ཁྲོན་གྱིས་ཁོ་ཚོར་རང་བདག་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་གནས་མཐོན་པོ་ཞིག་འཛིན་དགོས་པའི་སྐུལ་མ་བཏང་།

ནང་སོག་ནི་མེས་རྒྱལ་བྱང་མཐའ་ཡི་སྐྱེ་ཁམས་ལྕགས་རི་གཙོ་བོ་ཞིག་ཡིན། ལིས་ཁྲང་ཁྲོན་ཁུའུ་ཕུ་ཆིའི་བྱེ་ཐང་གི་ཡུལ་དངོས་སུ་ཕེབས་ཏེ། དབྱི་ལིས་ཐོན་ཁུངས་སྡེ་ཚོགས་ཀྱིས་བྱེ་ཐང་སྐྱེ་ཁམས་བཅོས་སྐྱོང་དང་བྱེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་སྐབས། ཁོང་གིས་སྔོན་ཆད་བྱེ་མས་ཁྱབ་པའི་བྱེ་ཐང་དེ་ད་ལྟ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལྗང་མདོག་གིས་བཀླུབས་པའི་གླིང་ཕྲན་ཞིག་ཏུ་གྱུར་ཡོད་པ་མཐོང་རྗེས། ཁྱོད་ཚོས་འཛམ་གླིང་གི་ཁྱད་མཚར་བའི་གནས་ཚུལ་ཞིག་བསྐྲུན་སོང་ཞེས་བསྟོད་བསྔགས་མཛད། ཁྲི་ཧྥུན་གྲོང་ཁྱེར་པད་ཡིན་ཨོ་པའོ་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ལིས་ཁྲང་ཁྲོན་གྱིས་བྱེ་ཐང་གི་ཐང་ཤིང་གསོ་སྤེལ་རྟེན་གཞི་ལ་རྟོག་ཞིབ་མཛད། ཧུ་ཞིན་ར་བའི་སོག་རྩྭའི་ཐན་འགོག་ལྗང་བསྒྱུར་ཀུང་ཟི་རུ་ལིས་ཁྲང་ཁྲོན་གྱིས་ཆུ་གྲོན་ཐན་འགོག་སྐོར་གྱི་སྐྱེ་དངོས་འདེབས་གསོའི་ཁྱབ་གདལ་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ནང་སོག་གིས་ནན་ནན་ཏིག་ཏིག་གིས་བྱེ་ཐང་སྐྱེ་ཁམས་འགོག་སྲུང་གི་བྱེད་སྒོ་སྤེལ་ཏེ། བྱེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། བྱེ་ཐང་དུ་ཕན་འབྲས་མངོན་པར་བྱས་ཏེ། བྱེ་ཐང་གི་གནོད་སྐྱོན་དེ་བྱེ་ཐང་གི་ཕན་འབྲས་སུ་བསྒྱུར་དགོས་པའི་རེ་བ་བཏོན།

མི་རིགས་ས་ཁུལ་གྱི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ལིས་ཁྲང་ཁྲོན་གྱིས་ཐེངས་འདིར་རྟོག་ཞིབ་མཛད་ཡུལ་གཙོ་བོ་རེད། ཞི་ལིན་ཀའོ་ལིག་མིན་གྱི་པ་ཡན་ཏིག་ལིས་ཀུག་ཨར་ཀ་ཁྲ་རུ་ཁོང་གིས་རྒྱང་སྒྲོག་བརྙན་འཕྲིན་ཁྱིམ་ཚང་རེ་རེར་ཁྱབ་གདལ་དུ་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་པ་མ་ཟད། རིགས་སོ་སོའི་མང་ཚོགས་དང་མཉམ་དུ་བུའུ་ལན་འབྲོག་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས།ཨིག་ཨར་ཏའོ་སི་གྲོང་ཁྱེར་ཝང་ཧྥུ་ལམ་གྱི་མཁར་སྡེ་རུ། ཁོང་གིས་མི་རིགས་མཐུན་སྒྲིལ་དང་གཞི་རིམ་རིག་གནས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ལིས་ཁྲང་ཁྲོན་གྱིས་ནན་གྱིས་བསྟན་དོན།ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ནས་མུ་མཐུད་དུ་མི་རིགས་སོ་སོའི་ཐུན་མོང་གི་མཐུན་སྒྲིལ་འབད་བརྩོན་དང་། ཐུན་མོང་གི་དར་རྒྱས་གོང་འཕེལ་གྱི་གནས་བབ་བཟང་པོ་སྲུང་འཛིན་བྱེད་དགོས་ཟེར། ནང་སོག་དངོས་མང་བཤམས་སྟོན་གླིང་གིས་སྤྱི་ཚོགས་ཡོངས་སུ་རིན་མ་བླངས་པར་སྒོ་ཕྱེས་པ་ནས་བཟུང་།ལྟ་སྐོར་པའི་མི་གྲངས་ལྡབ་བདུན་འཕར་ཡོད། ལིས་ཁྲང་ཁྲོན་གྱིས་ཁོ་ཚོས་སྔར་ལས་ལྷག་པའི་སྒོ་ནས་བཤམས་སྟོན་དངོས་པོ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་དང་ཐབས་བཀོད་བཅོས་སྒྱུར་བྱས་ཏེ། མང་ཚོགས་སྔར་ལས་མང་པོ་འགུག་དགོས་པ་དང་། ནང་སྒོས་སུ་རྒྱ་ཆེའི་ན་གཞོན་པ་རྣམས་ཕན་ཚུན་བར་གྱི་བྱེད་སྒོ་ལ་ཞུགས་སུ་འཇུག་དགོས་པའི་རེ་བ་བཏོན། ནང་སོག་ཉིན་རེའི་ཚགས་པར་གྱི་སྨྱན་བྱད་སྡེ་ཚོགས་སུ་ལིས་ཁྲང་ཁྲོན་གྱིས་ཁོ་ཚོར་གསར་གཏོད་ཀྱིས་ཚགས་པར་སྒྲུབ་པའི་རྣམ་པ་སྤྱད་དེ། བསམ་བློ་དང་མཛུབ་སྟོན། ཀློག་བརྗོད་རང་བཞིན་གསུམ་ཟུང་དུ་སྦྲེལ་ནས་ཁྱབ་རྒྱ་ཇེ་ཆེ་དང་འགུགས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་སྐུལ་མ་གནང་། ལིས་ཁྲང་ཁྲོན་གྱིས་ད་རུང་ནང་སོག་གི་དཔེ་སྐྲུན་དང་འགྲེམས་སྤེལ། གློག་བརྙན་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་དྲ་བ་སོགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཁོང་གིས་བཅོས་སྒྱུར་ཟབ་མོ་བྱེད་པ་ནི་མི་རིགས་རིག་གནས་ཀྱིས་ཕྱུག་པའི་ལྗོངས་ཤིག་ཏུ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོར་འགྱུར་དགོས་པའི་རེ་བ་བཏོན། ཁྲི་ཧྥུན་གྲོང་ཁྱེར་གྱི་ཏ་ལིས་ཡ་མི་རིགས་གླུ་གར་འཁྲབ་རྩལ་ཀུང་ཟི་ཁེ་ལས་སུ་བསྒྱུར་རྗེས་ཀྱི་འཁྲབ་ཐེངས་དང་འཁྲབ་སྟོན་པའི་ཡོང་སྒོ་ཆེས་ཆེར་འཕར་བའི་གནས་ཚུལ་ལ་དམིགས་ཏེ། ལིས་ཁྲང་ཁྲོན་གྱིས་ནང་སོག་གིས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས། སྟོབས་ཤུགས་ལྡན་པའི་འཁྲབ་རྩལ་ཁེ་ལས་གསོ་སྐྱོང་བྱས་ཏེ།ཕུ ལ་དུ་བྱུང་བའི་གླུ་གར་གྱི་མཚན་རྟགས་སྐོར་ཞིག་བསྐྲུན་ནས། ནང་སོག་གི་ཕུལ་དུ་བྱུང་བའི་མི་རིགས་རིག་གནས་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་སྤེལ་དགོས་པའི་རེ་བ་བཏོན།

རྟོག་ཞིབ་མཇུག་རྫོགས་སྐབས། ལིས་ཁྲང་ཁྲོན་གྱིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ནང་སོག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་མ་ཟད། ནང་སོག་གིས་གོ་སྐབས་གཙོ་བོ་དམ་དུ་བཟུང་བ་དང་། བརྗོད་དོན་གཙོ་བོའི་འཕེལ་ཕྱོགས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཁྱད་ཆོས་དང་དགེ་མཚན་གྱིས་ཕྱུག་པའི་ཚན་རིག་འཕེལ་རྒྱས་དང་དམངས་སྐྱིད་ལྗོངས་ཕྱུག་གི་བགྲོད་ལམ་གསར་བ་ཞིག་བཏོད་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན། །

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི800བཏང་ནས་མཚོ་སྔོན་པོ་མཐའ་འཁོར་གྱི་ཤང་སྡེའི་གནས་སྐོར་གསར་འཛུགས་བྱས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།