ཝུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

སྐལ་བཟང་སྐྱིད། རྡོ་ཐར།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-08-24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས22ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྡེ་ཁག་གི་སྲིད་འཛིན་ཞིབ་མཆན་ལས་གཞི་སུམ་བརྒྱ་དང་བཅུ་བཞི་མེད་པར་བཟོས་པ་དང་ལེགས་སྒྲིག་བྱ་རྒྱུའི་ཐག་བཅད་པ་དང་། ཀོང་ཏུང་ཞིང་ཆེན་གྱིས་སྲིད་འཛིན་ཞིབ་མཆན་སྒྲིལ་སྲོལ་བཅོས་སྒྱུར་བྱེད་པའི་ཐད་ནས་སྔོན་ལ་ཚོད་ལྟ་བྱེད་པར་ཆོག་མཆན་བཀོད།

ཚོགས་འདུའི་སྟེང་བསྟན་དོན། 2001ལོར་སྲིད་འཛིན་ཞིབ་མཆན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་མགོ་བརྩམས་པའི་ཚུན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་གཞུག་ཏུ་སྲིད་འཛིན་ཞིབ་མཆན་ལས་གཞི་སྐོར་ཐེངས་ལྔ་མེད་པར་བཟོས་པ་དང་ལེགས་སྒྲིག་བྱས་ཤིང་། སྲིད་འཛིན་ཞིབ་བཤེར་སྔར་ལས་ཇེ་ཉུང་དང་ཚད་ལྡན་དུ་གཏོང་ཆེད། ཚོགས་འདུ་ནས་སྔོན་གྱི་བྱ་བའི་རྨང་གཞིའི་ཐོག་ལས་ཁུངས་ཀྱི་སྲིད་འཛིན་ཞིབ་བཤེར་ལས་གཞི་སུམ་བརྒྱ་དང་བཅུ་བཞི་མེད་པར་བཟོས་པ་དང་ལེགས་སྒྲིག་བྱས་ཤིང་། དེའི་ནང་གི་ལས་གཞི་བརྒྱ་དང་གྱ་བཞི་མེད་པར་བཟོས་པ་དང་ལས་གཞི་བརྒྱ་དང་བཅུ་བདུན་ལ་ཆོག་མཆན་བཀོད། ལས་གཞི་བཅུ་གསུམ་གཞི་གཅིག་ཏུ་བསྡུས། དེར་བརྟེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ངོ་བཅུ་ཡི་རིང་ལ་སྐོར་ཁག་དྲུག་ཏུ་བགོས་ཏེ་བསྡོམས་པས་སྲིད་འཛིན་ཞིབ་མཆན་ལས་གཞི་ཉིས་སྟོང་བཞི་བརྒྱ་གོ་བདུན་མེད་པར་བཟོས་པ་དང་ལེགས་སྒྲིག་བྱས་པ་དེས་སྔོན་གྱི་སྤྱི་གྲངས་ཀྱི་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་གསུམ་ཟིན། ཐེངས་འདིར་གཙོ་བོ་དངུལ་གཏོང་ཁྱབ་ཁོངས་དང་སྤྱི་ཚོགས་ལས་དོན། སྲིད་འཛིན་མ་ཡིན་པའི་ཞིབ་མཆན་ལས་གཞི་བཅས་དང་ནང་སྒོས་སུ་དངོས་ཕུང་དཔལ་འབྱོར་དང་ཁེ་ལས་ཆུང་ངུའི་འཕེལ་རྒྱས། དེ་མིན་དམངས་ཁྲོད་དངུལ་གཏོང་སོགས་ཀྱི་ཞིབ་མཆན་ལས་གཞི་དག་ལ་དམིགས་ནས་ལེགས་སྒྲིག་བྱས་པ་ཡིན།

ཚོགས་འདུ་ནས་སྲིད་འཛིན་ཆོག་མཆན་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཀོང་ཏུང་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་སྲིད་འཛིན་ཞིབ་མཆན་སྒྲིག་སྲོལ་སྔོན་ལ་ཚོད་ལྟ་བྱས་ནས་བཅོས་སྒྱུར་བྱེད་པར་ཆོག་མཆན་བཀོད་དེ། སྲིད་འཛིན་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་མིན་ལས་ཁུངས་ཀྱི་ཡིག་ཆ་གཏན་འབེབས་བྱེད་པའི་སྲིད་འཛིན་ཞིབ་མཆན་ལས་གཞི་སྐོར་ཞིག་ས་ཁུལ་དེ་རུ་ལག་བསྟར་བྱེད་མཚམས་འཇོག་པ་དང་ལེགས་བཅོས་བྱ་རྒྱུའི་ཐག་བཅད།

ཚོགས་འདུ་ནས་ཀོང་ཏུང་ཞིང་ཆེན་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་གྲལ་དུ་ཚུད་པས། ཚོང་རའི་འཕེལ་ཚད་མགྱོགས་ཤིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འབྱུང་བ་དེ་ད་ལྟ་སྒོ་ཀུན་ནས་འཕེལ་སྟངས་བསྒྱུར་བའི་སྐབས་དང་འཕྲད་ཡོད་ལ། སྲིད་འཛིན་ཞིབ་མཆན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་སྲིད་གཞུང་གི་འགན་ནུས་སྔར་ལས་ལེགས་སྒྱུར་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་རེད། ཀོང་ཏུང་ཞིང་ཆེན་གྱིས་བཅོས་སྒྱུར་ཚོད་ལྟ་བྱེད་པ་དེ་སྲིད་འཛིན་ཞིབ་མཆན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་སྲིད་གཞུང་གི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ། དེ་མིན་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་བཅས་པའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

ཚོགས་འདུ་ནས་ཀོང་ཏུང་ཞིང་ཆེན་གྱིས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཚོད་ལྟའི་ཇུས་གཞི་གཏན་འབེབས་ཞིབ་མོ་བྱེད་པ། ནན་ཏན་སྒོས་རྩ་འཛུགས་ལག་བསྟར་བཅས་བྱས་ཏེ། ཚོད་ལྟའི་བྱ་བ་དང་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་བྱེད་པ་ཟུང་དུ་སྦྲེལ་བ་དང་ལྟ་སྐུལ་དོ་དམ་དང་ཞབས་ཞུ་ལེགས་བཅོས་བྱེད་པ་ཟུང་དུ་སྦྲེལ་ནས། རྒྱལ་ཡོངས་ཀྱི་སྲིད་འཛིན་ཞིབ་མཆན་སྒྲིག་སྲོལ་བཅོས་སྒྱུར་བྱེད་པའི་ཐད་ལ་ཉམས་མྱོང་གལ་ཆེན་གསོག་དགོས་ཤིང་། འབྲེལ་ཡོད་ལས་ཁུངས་སོ་སོས་ཀོང་ཏུང་ཞིང་ཆེན་ལ་ཚོད་ལྟའི་ཁྲོད་དུ་འཕྲད་པའི་གནད་དོན་དུས་ཐོག་ཏུ་སེལ་བར་མཛུབ་སྟོན་བྱས་ནས་ཚོད་ལྟའི་བྱ་བ་བདེ་བླག་ངང་སྒྲུབ་པར་རྒྱབ་སྐྱོར་བླ་མེད་གནང་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་ལས་བསྟན་དོན། ལོ་ངོ་བཅུའི་རིང་ལ་སྲིད་འཛིན་ཞིབ་མཆན་ལམ་ལུགས་ལ་མུ་མཐུད་དུ་བཅོས་སྒྱུར་ཟབ་མོ་བྱས་པས་ནུས་པ་ཡོད་པའི་སྒོ་ནས་སྲིད་གཞུང་གི་ནུས་པ་ལ་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བྱས་པ་དང་། ཚོང་ར་ཡིས་ཐོན་ཁུངས་སྙོམས་སྒྲིག་བྱེད་པའི་རྨང་གཞི་རང་བཞིན་གྱི་ནུས་པའང་སྔར་ལས་ཇེ་དྲག་ཏུ་བཏང་ལ། ཁྲིམས་ལྟར་སྲིད་སྐྱོང་བར་སྐུལ་འདེད་བྱས་ཏེ། སྲིད་གཞུང་གི་བྱ་སྤྱོད་སྔར་ལས་ཚུལ་མཐུན་ཅན་དུ་བཏང་བ་དང་། སྲིད་གཞུང་གི་དོ་དམ་གསར་གཏོད་ལ་སྐུལ་འདེད་བྱས་ནས་སྲིད་འཛིན་གྱི་ནུས་པ་མཐོར་འདེགས་སུ་བཏང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ནས་སྲིད་གཞུང་མ་ལག་གིས་རུལ་སུངས་ལ་སྔོན་འགོག་དང་བཅོས་སྐྱོང་བྱེད་པའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་། མ་འོངས་པའི་དུས་སྐབས་ཤིག་ལ་འགྱུར་བ་མེད་པའི་སྒོ་ནས་སྲིད་འཛིན་ཞིབ་མཆན་ལམ་ལུགས་ལ་བཅོས་སྒྱུར་ཟབ་མོ་བྱེད་དགོས་ཏེ། གཅིག་ནི་ཇེ་ཉུང་དུ་གཏོང་དགོས་པ་ཇེ་ཉུང་དང་ལྷོད་དགོས་པ་ཇེ་ལྷོད་དུ་གཏོང་བའི་རྩ་དོན་ལྟར་སྲིད་འཛིན་ཞིབ་མཆན་རྣམ་གྲངས་མེད་པར་བཟོ་བ་དང་སྙོམས་སྒྲིག་བྱེད་དགོས། སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་གྱིས་རང་འགུལ་སྒོས་ཐག་གཅོད་བྱས་པ་དང་། ཚོང་རའི་འགྲན་རྩོད་ལམ་ལུགས་དེ་ནུས་པ་ལྡན་པར་ལེགས་སྒྲིག་བྱས་པ།ཐོན་ལས་རྩ་འཛུགས་སམ་ཡང་ན་བར་སྦྲེལ་ལས་ཁུངས་ཀྱིས་རང་འགུལ་སྒོས་དོ་དམ་བྱེད་ཐུབ་པ་ཡིན་ན་སྲིད་གཞུང་གིས་ཐེ་གཏོགས་བྱེད་མི་རུང། བྱ་བའི་རྗེས་སུ་ལྟ་སྐུལ་དོ་དམ་དང་གཞན་བརྒྱུད་ནས་དོ་དམ་བྱེད་པའི་རྣམ་པ་སྤྱད་ཆོག་པ་ཚང་མར་སྔོན་ཏུ་ཞིབ་མཆན་མི་འགོད། སྡེ་ཁག་གི་སྒྲིག་སྲོལ་དང་ཡིག་ཆ་སོགས་ཀྱི་རྣམ་པ་ལས་ཁྲིམས་ལུགས་དང་འགལ་བའི་སྲིད་འཛིན་ཆོག་མཆན་དག་དུས་བཅད་བྱས་ནས་ཡོ་བསྲང་བྱེད་དགོས། ཞིབ་བཤེར་ཆོག་མཆན་འགོད་པའི་རྣམ་གྲངས་ཀྱི་བྱ་བའི་ལམ་ལུགས་འཛུགས་པར་རྩད་ཞིབ་བྱེད་དགོས། གཉིས་ནི་སྲིད་འཛིན་ཞིབ་མཆན་འགོད་པ་ཚུལ་མཐུན་ཅན་དུ་ཧུར་ཐག་གིས་འཛུགས་བསྐྲུན་བྱེད་དགོས། གསར་དུ་བཙུགས་པའི་ཞིབ་མཆན་གྱི་རྣམ་གྲངས་ལ་ངེས་པར་དུ་ཁུངས་གཏུགས་ས་མཁོ་བ་ལས་གཞན། ཁྲིམས་ལུགས་ལས་གཏན་འཁེལ་བྱས་པའི་བརྒྱུད་རིམ་ལྟར་ཁྲིམས་མཐུན་རང་བཞིན་དང་དགོས་ངེས་རང་བཞིན། ཚུལ་མཐུན་རང་བཞིན་ལ་ཞིབ་དཔྱད་ནན་མོ་བྱེད་དགོས། གལ་ཏེ་ཁྲིམས་ལུགས་ཐད་ནས་ཁུངས་གཏུགས་ས་མེད་ན། སྡེ་ཁག་གང་གིས་ཀྱང་སྒྲིག་སྲོལ་དང་ཡིག་ཆ་སོགས་ཀྱི་རྣམ་པ་ལས་སྲིད་འཛིན་ཞིབ་མཆན་འགོད་པར་བཀོད་སྒྲིག་བྱེད་མི་ཆོག སྲིད་འཛིན་ཞིབ་མཆན་མ་ཡིན་པའི་རྣམ་གྲངས་བཀོད་སྒྲིག་དང་དོ་དམ་གྱི་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འཁེལ་བྱེད་དགོས། གསུམ་ནི་ལས་དོན་ལས་ཁུངས་ཀྱི་བཅོས་སྒྱུར་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་བཅོས་སྒྱུར་གང་མགྱོགས་སྒོས་སྤེལ་དགོས། ལས་དོན་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་འགན་གཙང་ལེན་བྱེད་པར་འཚམ་པའི་ལས་དོན་རང་བཞིན་དང་དོ་དམ་ཞབས་ཞུའི་དོན་ཚན་རྣམས། མངགས་བཅོལ་དང་ཚོང་འགུག་སོགས་ཀྱི་རྣམ་པ་བརྒྱུད་དེ་ལས་དོན་ལས་ཁུངས་སམ་སྤྱི་ཚོགས་རྩ་འཛུགས་ལ་འགན་ཁུར་དུ་འཇུག་དགོས། འབྲེལ་ཡོད་ཀྱི་ཐོན་ལས་རྩ་འཛུགས་གང་མགྱོགས་སྒོས་གསོ་སྤེལ་བྱས་ཏེ་ཐོན་ལས་རྩ་འཛུགས་ཀྱིས་ཚུལ་མཐུན་དང་ཡོངས་བསྒྲགས། ནུས་ལྡན་དང་སྤྱོད་གཙང་སྒོས་བྱ་བ་སྒྲུབ་པར་སྐུལ་འདེད་བྱེད་དགོས། བཞི་ནི་སྲིད་འཛིན་ཞིབ་མཆན་འགོད་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྲིད་དོན་ལྟེ་གནས་མུ་མཐུད་དུ་འཛུགས་བསྐྲུན་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཞང་བཅས་རིམ་པ་བཞིའི་སྲིད་དོན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། རིམ་གྱིས་སྡེ་བ་དང་སྡེ་ཁུལ་དུ་ཁྱབ་པར་བྱེད་དགོས།སྲིད་འཛིན་ཞིབ་མཆན་འགོད་པའི་གྲུབ་འབྲས་ལ་དོ་དམ་བྱེད་པར་ཤུགས་བསྐྱེད་དེ་དྲ་ཐོག་ནས་ཆོག་མཆན་དང་མཉམ་འབྲེལ་སྒོས་ཆོག་མཆན་འགོད་པ། ཞབས་ཞུ་སྒྲུབ་པའི་སྤུས་ཚད་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། ཆོག་མཆན་འགོད་དགོས་པའི་རྣམ་གྲངས་ཅུང་མང་བའི་སྡེ་ཁག་ལ་སྲིད་དོན་ཚོམས་ཆེན་དང་ཞབས་ཕྱི་སྒྲུབ་པའི་ས་གནས་བཀོད་སྒྲིག་བྱེད་དགོས། ལྔ་ནི་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྐྱེད་དགོས། སྲིད་འཛིན་ཞིབ་མཆན་འགོད་དགོས་པའི་རྣམ་གྲངས་མེད་པར་བཟོ་པ་དང་སྙོམས་སྒྲིག་བྱས་པ་དག་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་ཁུར་གསལ་བོར་བྱས་ཏེ། རྗེས་མཐུད་ཀྱི་ལྟ་སྐུལ་དོ་དམ་བྱེད་པའི་བྱེད་ཐབས་བཟོ་དགོས་པའི་ཞོར་དུ། བྱ་བའི་འབྲེལ་མཐུད་ལ་ཤུགས་བསྐྱེད་དེ་ལྟ་སྐུལ་དོ་དམ་དེ་སྟོང་བ་ཞིག་ཏུ་མི་འགྱུར་བར་སྔོན་འགོག་བྱེད་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་གཙོ་གནད་ཁྲིམས་ལྟར་ལྟ་སྐུལ་དོ་དམ་སྟེང་དུ་ཕྱོགས་ནས་དོན་དམ་པར་འགན་ཁུར་སྒྲུབ་དགོས་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ། ཚད་ལྡན་ཅན་གྱི་སྒྲིག་སྲོལ་སོགས་གཏན་འཁེལ་བྱས་ནས་ཉིན་རེའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྐྱེད་པ་དང་། ཚོང་རའི་སྒྲིག་ལམ་ལ་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས། དྲུག་ནི་སྲིད་འཛིན་ཞིབ་མཆན་ཁྱབ་ཁོངས་སུ་རུལ་སུངས་ཀྱི་བྱ་བར་སྔོན་འགོག་ཟབ་མོ་བྱེད་དགོས། ཞིབ་མཆན་བཀོད་པ་ཡོངས་བསྒྲགས་ཟབ་མོ་བྱེད་དགོས། སྲིད་འཛིན་ཞིབ་མཆན་འགོད་པར་གློག་རྡུལ་གྱིས་ལྟ་སྐུལ་བྱེད་པའི་མ་ལག་གང་མགྱོགས་སྒོས་སྤེལ་དགོས། ཆོག་མཆན་བཀོད་པའི་དབང་ཆ་སྤྱད་ནས་ཁྲིམས་འགལ་ལུགས་འགལ་གྱི་གྱོད་དོན་བཟོས་པར་ནན་ཏན་སྒོས་རྩད་ཞིབ་བྱེད་དགོས། བདུན་ནི་སྲིད་འཛིན་ཞིབ་མཆན་ལམ་ལུགས་བཅོས་སྒྱུར་དེ་དངུལ་གཏོང་ལམ་ལུགས་དང་། དཔྱ་ཁྲལ་དངུལ་ལོར་ལམ་ལུགས་དང་སྤྱི་ཚོགས་ལམ་ལུགས། སྲིད་འཛིན་དོ་དམ་ལམ་ལུགས་བཅས་བཅོས་སྒྱུར་བྱེད་པར་ཟུང་འབྲེལ་བྱེད་དགོས། སྲིད་གཞུང་དང་ཁེ་ལས། སྤྱི་ཚོགས་ཀྱི་འབྲེལ་བ་སྔར་ལས་ཇེ་ལེགས་དང་ཚུལ་མཐུན་དུ་བཏང་ནས་སྲིད་གཞུང་གི་གོང་འོག་བར་གསུམ་གྱི་འབྲེལ་བ་ཚུལ་མཐུན་དུ་གཏོང་དགོས། སྲིད་གཞུང་ལས་ཁུངས་གསར་འཛུགས་དང་ནུས་པ་བཀོད་སྒྲིག་བྱེད་པ་སྔར་ལས་ཇེ་ལེགས་སུ་བཏང་ནས་སྲིད་འཛིན་གྱི་ནུས་པ་དང་སྤྱི་བའི་དོ་དམ་གྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

གྲོས་ཚོགས་ལས་གནམ་གཤིས་སྒྲིག་ཆས་དང་གནམ་གཤིས་རྟོག་དཔྱོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། །

  • ལེ་ཚན་སྔོན་མ།:ལིས་ཁྲང་ཁྲོན་གྱིས་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་རྩོམ་པ་པོ་ལྔའི་བརྩམས་ཆོས་ལ་རྟ་མཆོག་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།