ཀྲུང་གོའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མི་གཟི་བརྗིད་ངང་རྒྱལ་ནང་དུ་ཕྱིར་ལོག་པ།

ཟླ་བ་ཚེ་རིང་།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-08-17

ཀྲུང་གོའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མི་གཟི་བརྗིད་ངང་རྒྱལ་ནང་དུ་ཕྱིར་ལོག་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོན་ཏོན་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་རུ་ཆེན་དེ་པེ་ཅིན་གྱི་དུས་ཚོད་སྤྱི་ཚེས་14ཉིན་གྱི་ཆུ་ཚོད་6དང་སྐར་མ་20ཡི་ཐོག་པེ་ཅིན་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར་བ་རེད།

    ད་ཐེངས་རྒྱལ་ནང་དུ་ཕྱིར་ལོག་བྱས་པ་ཁྱོན་བསྡོམས་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མིའི་ཁོངས་མི་147ཡོད་ཅིང་དེའི་ནང་མང་ཆེ་བ་ནི་ལུས་རྩལ་པ་ཡིན་པ་དང་། ཁོ་ཚོས་གསེར་གྱི་རྟགས་མ་38དང་བྱ་དགའི་རྟགས་མ་ཁྱོན་བསྡོམས་88གྱི་གྲུབ་འབྲས་ཐོག་ནས་མེས་རྒྱལ་ས་གཞི་ཆེན་པོའི་ཐོག་ཏུ་ཕྱིར་ལོག་བྱས་ཡོད་པ་རེད།

    ཧ་ཅང་ཐུང་བའི་དགའ་བསུ་ཞུ་བའི་མཛད་སྒོའི་མཇུག་བསྒྲིལ་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་ལིའུ་ཡན་ཏུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ལུས་རྩལ་པ་དང་རྩལ་འཁྲིད་པའི་འཐུས་མི་དང་། དེ་བཞིན་འཐུས་མི་ཚོགས་པའི་འཐུས་མི་དང་མཇལ་འཕྲད་གནང་ཡོད་པ་རེད།

    གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་ལོན་ཏོན་དུ་གཤགས་བཅོས་དང་ལེན་བྱས་རྗེས་ཀྱི་ལིའུ་ཞང་ཡང་སྤྱི་ཚེས་14ཉིན་གྱི་སྔ་དྲོ་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར་ཡོད་པ་རེད། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཀྲའོ་ཝུན་གྱིས་ཧྲང་ཧའེ་གྲོང་ཁྱེར་དང་སྲིད་གཞུང་གི་ཚབ་ཞུས་ནས་གནམ་གྲུ་འབབ་ཐང་དུ་བསུ་བ་ཞུ་བར་སླེབས་པ་དང་། ལིའུ་ཞང་ལ་མེ་ཏོག་སོས་པ་སྤྲད་པ་མ་ཟད་འཚམས་འདྲི་ཡང་ཞུས་ཡོད་པ་རེད། གནམ་གྲུ་དེ་རང་ནང་ཕེབས་པའི་རྩལ་འཁྲིད་པ་སུན་ཧའེ་ཕིང་གིས། ལིའུ་ཞང་གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང་། དུས་ཡུན་ཟླ་3ཙམ་གྱི་རྗེས་སུ་གོམ་བགྲོད་ག་ལེར་སྤོ་ཐུབ། ཡོངས་རྫོགས་དྲག་སྐྱེད་ཡོང་བར་དུས་རིམ་གཉིས་སུ་ཁག་བགོས་བྱེད་དགོས་ཏེ། གཅིག་ནི་གཤགས་བཅོས་རྗེས་ཀྱི་དྲག་སྐྱེད་དང་། གཉིས་པ་ནི་རྐང་ངོས་ཀྱི་རྟིང་རྒྱུའི་རང་ངོས་ཀྱི་དྲག་སྐྱེད་ཡིན་ཞེས་བཤད་པ་རེད། །

 
  • ལེ་ཚན་སྔོན་མ།:ནང་སོག་གིས་གནོད་འབུའི་གནོད་འཚེ་སེལ་བར་ཕན་འབྲས་རགས་ཙམ་ཐོན་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་འཁོར་སྐྱོད་དཔལ་འབྱོར་ལ་ཆེད་དོན་རྟོག་ཞིབ
  • དོ་སྣང་ཆེ་བའི་རྩོམ།