བོད་ལྗོངས་ཀྱིས་ལོ་གཉིས་ནང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར150བཏང་ནས་བོད་ཤར་མཐའ་ཁུལ་གྱི་དམངས་འཚོ་ལེགས་བཅོས་བྱས།
མིག་དམར་གྱིས་བསྒྱུར། 2014-11-03
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ10པའི་ཚེས22ཉིན་འབྱོར་བའི་གཏམ་གསར།ཆབ་མདོ་རྫོང་ཆགས་སའི་ཆབ་མདོ་ས་ཁུལ་ལ་ཁྱོན་བསྡོམས་མི་འབོར་ཁྲི72ཡོད་ཅིང་།ས་ཁམས་ཀྱིས་ཚོད་འཛིན་ཐེབས་པས་དུས་ཡུན་རིང་པོའི་ནང་རྨང་གཞི་སྒྲིག་ཆས་རྗེས་ལུས་ཡིན་པ་དང་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཡོད་པ་རེད། 2012ལོ་ནས་བཟུང་། ཆབ་མདོ་ས་ཁུལ་གྱིས་ཀྲུང་དབྱང་དང་ས་གནས།སྤྱི་ཚོགས་བཅས་ཕྱོགས་མང་པོ་ནས་ཡོང་བའི་མ་དངུལ་སྡེབ་སྒྲིག་བྱས་ཏེ་དམངས་འཚོ་ལས་གྲྭའི་རྣམ་གྲངས12སྤེལ་འགོ་བཙུགས་ཡོད།མིག་སྔར་མ་དངུལ་སྒོར་དུང་ཕྱུར150བཏང་ནས་དམངས་འཚོ་ལེགས་བཅོས་བྱས་པ་རེད།
ཆབ་མདོ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་མ་ལིང་ཐན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།དམངས་འཚོ་ལས་གྲྭའི་རྣམ་གྲངས12དེ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྡོད་ཁང་དང་ཆུ། གློག འགྲིམ་འགྲུལ། སློབ་གསོ། འཕྲོད་བསྟེན། ལས་ཞུགས་སོགས་འཚོ་བའི་ཕྱོགས་གང་མང་ཞིག་ལ་གཏོགས་པ་རེད། 2012ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར40.4བཏང་ཡོད་པ་དང་ཆབ་མདོར་དམངས་འཚོ་རྣམ་གྲངས་རིགས་མི་འདྲ་བ649ལག་བསྟར་བྱས།2013ལོར་མ་དངུལ་སྒོར་དུང་ཕྱུར58.04བཏང་ནས་དམངས་འཚོའི་རྣམ་གྲངས་ཀྱི་རིགས705ལག་བསྟར་བྱས།ད་ལོར་མ་དངུལ་སྒོར་དུང་ཕྱུར85.5བཏང་ནས་ཆབ་མདོ་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས་གཏང་རྒྱུའི་འཆར་གཞི་ཡོད་ཅིང་། མིག་སྔར་གྱི་བར་མ་དངུལ་སྒོར་དུང་ཕྱུར51.25བཏང་ཡོད། དམངས་འཚོའི་རྣམ་གྲངས་སོ་སོ་ལག་བསྟར་བྱས་པས་ཆབ་མདོ་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད་ཅེས་བཤད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར།ཆབ་མདོ་ས་ཁུལ་དུ་གྲོང་སྡེར་བགྲོད་པའི་གཞུང་ལམ228དང་དགོན་པར་བགྲོད་པའི་གཞུང་ལམ363འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད།སྐུད་མེད་འཕྲུལ་འཁོར་ས་ཚུགས274གསར་དུ་བསྐྲུན་པས་སྲིད་འཛིན་གྲོང་སྡེ908དང་དགོན་པ346གི་བརྡ་འཕྲིན་གཏང་རྒྱུའི་གནད་དོན་ཐག་བཅད་བྱས་པ་རེད། དེ་མིན། རྣམ་གྲངས12ཀྱི་དམངས་འཚོ་ལས་གྲྭའི་ནང་ད་དུང་ཞིང་འབྲོག་མི་དམངས་དུད་ཚང21186ལ་བདེ་སྡོད་ཁང་བསྐྲུན་པ་དང་ཞིང་སྡེ་གསར་པའི་དཔེ་སྟོན་བྱེད་ས20བསྐྲུན་ཡོད།སྲིད་འཛིན་གྲོང་སྡེ419ཡི་མི་སྡོད་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས།སྲིད་འཛིན་གྲོང་སྡེ556དང་དགོན་པ357གྱི་མི་ཁྲི14.9ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་བཅད་བྱས་པ་དང་གློག་སྤྱོད་པའི་མི་འབོར་ཁྲི34.4གསར་དུ་འཕར་བ་རེད། །