ཡུལ་གཞན་དུ་སྨན་བཅོས་བྱེད་ཚེ་དུས་ཐོག་སྨན་རིན་བསྡོམས་རྩིས་རྒྱག་པའི་དམངས་ཕན་སྲིད་ཇུས་ཀྱིས་དམངས་ལ་དངོས་ཕན་བསྐྲུན།
སྐལ་ཐུབ་དང་དབྱངས་ཅན། 2014-11-03
ཟླ་བ10པའི་ཚེས24ཉིན་གསར་འགོད་པ་ཁུལ་སྨན་བཅོས་ཉེན་འགོག་ཅུས་སུ་ཕྱིན་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཚེ་དུས་ཐོག་ཏུ་སྨན་རིན་བསྡོམས་རྩིས་རྒྱག་པའི་སྐོར་གྱི་གནད་དོན་ལ་དམིགས་ནས་བཅར་འདྲི་བྱས་པ་ཡིན།གསར་འགོད་པ་སྨན་བཅོས་ཉེན་འགོག་ཅུས་ཀྱི་ལས་སྒྲུབ་ཚོམས་ཆེན་དུ་སླེབས་པའི་ཚེ་ཏག་ཏག་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྙན་སེང་ཐོ་འགོད་བྱེད་ས་ཡོང་བའི་མི་ཞིག་དང་འཕྲད་ཅིང་།ལས་སྒྲུབ་མི་སྣས་དུས་ཡུན་སྐར་མ་གང་ལས་མི་དགོས་པར་མིའི་དེའི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྙན་སེང་ཐོ་འགོད་ཀྱི་འགྲོ་ལུགས་བསྒྲུབས་ཚར་བ་མཐོང་།
ཁུལ་སྨན་བཅོས་ཉེན་འགོག་ཅུས་ཀྱི་ལས་སྒྲུབ་མི་སྣ་ཀའོ་ཅའོ་ཡིས་གསར་འགོད་པར་བཤད་དོན།ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཚེ་སྨན་བཅོས་ཉེན་འགོག་ནང་ཞུགས་པའི་མི་སྣས་ཐོབ་ཐང་ལག་ཁྱེར་རབས་གཉིས་པ་དང་སྤྱི་ཚོགས་ཉེན་འགོག་གི་བྱང་བུ་རབས་གཉིས་པ་ངེས་པར་དུ་ཁུར་དགོས་པ་དང་།སྨན་བཅོས་ཉེན་འགོག་ཞུགས་ཡུལ་གྱི་སྨན་ཁང་དུ་ཕྱིན་ནས་སྨན་ཁང་སྤོ་སྒྱུར་བྱེད་ཆོག་པའི་དཔང་ཡིག་ལེན་དགོས་པ་མ་ཚད།སྨན་བཅོས་ཉེན་འགོག་གི་སྒྲུབ་གཉེར་ལས་ཁུངས་སུ་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྙན་སེང་ཐོ་འགོད་བྱས་རྗེས་ཡུལ་གཞན་གྱི་སྨན་ཁང་དུ་སྨན་རིན་དུས་ཐོག་བསྡོམས་རྩིས་རྒྱག་ཆོག ལས་འཁྱུར་ངལ་གསོ་བྱས་ཟིན་མཁན་གྱིས་སྙན་སེང་ཐོ་འགོད་བྱ་མི་དགོས།
ཀའོ་ཅའོ་ཡིས་གསར་འགོད་པ་ལ་ཞིང་ཆེན་རིམ་པའི་ཡུལ་གཞན་དུ་སྨན་བཅོས་བྱེད་ཚེ་དུས་ཐོག་སྨན་རིན་བསྡོམས་རྩིས་རྒྱག་པའི་དྲ་ཐོག་ནས་རང་ཁུལ་གྱི་ནད་པ་ཡུལ་གཞན་དུ་ནད་བཅོས་བྱས་རྗེས་སྨན་རིན་བསྡོམས་རྩིས་བྱས་པའི་གནས་ཚུལ་བསྟན་པ་རེད།འབའ་ཐང་རྫོང་གི་དགེ་རྒན་ཞིག་ཞིང་ཆེན་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་སྨན་རིན་ཁྱོན་བསྡོམས་སྒོར36781.16སྤྲད་དགོས་ཤིང་།དེའི་ནང་རང་ཉིད་ཀྱིས་སྨན་རིན2810.37ལས་སྤྲད་མི་དགོས་པ་མ་ཚད་སྨན་རིན་དུས་ཐོག་ཏུ་བསྡོམས་རྩིས་རྒྱག་ཐུབ་སོང་བ་རེད།རོང་བྲག་རྫོང་སྒོ་ལུང་ཤང་ཨ་ཉག་ལུང་པའི་གྲོང་ཚོ་གཉིས་པའི་གྲོང་མི་ཞང་མིང་ཅན་གྱིས་ཁྲེང་ཏུའུ་མི་དམངས་སྨན་ཁང་ལྔ་པར་སྨན་བཅོས་བྱས་ནས་སྨན་རིན་ཁྱོན་བསྡོམས་སྒོར7097.82སྤྲད་དགོས་ཀྱང་སྨན་རིན་དུས་ཐོག་བསྡོམས་རྩིས་རྒྱག་སྐབས་རང་ཉིད་ཀྱིས་སྨན་རིན་སྒོར670.77ལས་སྤྲད་མི་དགོས་པ་རེད།
ཁུལ་སྨན་བཅོས་ཉེན་འགོག་ཅུས་ཀྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཚེ་སྨན་རིན་བསྡོམས་རྩིས་རྒྱག་པའི་ལས་ཀའི་འགན་ཁུར་བ་ལི་ཁོ་ཀྲང་གིས་ངོ་སྤྲོད་བྱས་པ་ལྟར་ན།ཟླ་བ10པའི་ཚེས1ཉིན་ལ་རང་རེའི་ཞིང་ཆེན་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་ཚེ་སྨན་རིན་དུས་ཐོག་བསྡོམས་རྩིས་རྒྱག་པའི་དྲ་བའི་མ་ལག་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།རང་ཁུལ་གྱིས་ཁྲེང་ཏུའུ་ས་ཁུལ་གྱི་ཞིང་ཆེན་མི་དམངས་སྨན་ཁང་དང་། སི་ཁྲོན་སློབ་ཆེན་གྱི་ཧྭ་ཞི་སྨན་ཁང་། ཁྲེང་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་། 363སྨན་ཁང་སོགས་གཏོགས་པའི་སྨན་ཁང22ཀྱི་དྲ་སྒོ་ཕྱེ་ཡོད། ཟླ་བ11པའི་རྗེས་སུ་ད་དུང་སྨན་ཁང་དེ་བས་མང་པོ་ཞིག་ལ་སྨན་བཅོས་བྱེད་ཆོག་པའི་ཇུས་འགོད་བྱེད་བཞིན་ཡོད། ནད་པ་སུ་དང་སུ་ཞིག་གིས་གལ་ཏེ་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཆ་རྐྱེན་ཚང་བ་ཡིན་ན་དམངས་ཕན་སྲིད་ཇུས་འདིས་ཕན་པ་ཐོགས་ངེས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན།ད་ལྟའི་བར་དུ་སླེབས་དུས་རང་ཁུལ་གྱི་ཡུལ་གཞན་དུ་སྡོད་བཅོས་བྱེད་མཁན་ཁྱོན་བསྡོམས་མི་གྲངས39དང་སྨན་ཁང་ནས་ཕྱིར་ཐོན་པའི་ནད་པ34ཡོད།