མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།

ཨོ་རྒྱན་དོན་གྲུབ།        2012-07-30

སྨད་མདོ་ཁམས་རི་བོ་སྒང་དྲུག་གི་ནང་སྙིང་གནས་མི་ཉག་ར་བ་སྒང་གི་ས་ཡི་ལྟེ་བ། བོད་སྐྱོང་ཤར་སྟོད་བཞག་བྲ་ལྷ་རྩེའི་པང་བ།  རི་རྫོང་རྒོད་རྫ་རི་སྨུག་པོ་རྔམ་གྱིས་འགྱིང་བའི་མདུན་ཞོལ།  ལུག་འབྲོག་གསེར་གྱི་བྱ་ཁྱུང་མཁའ་ལ་ལྡིང་འདྲའི་གཡས་ཟུར།  མགར་ཆུ་དལ་འབབ་རིང་མོ་ལྷུང་ལྷུང་དུ་འབབ་པའི་འགྲམ་ངོགས།  ཆུ་མིག་མར་ཁུ་འཁྱིལ་བའི་དྭངས་གསལ་གྱི་འདབས་རོལ།  གངས་རིའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཆོག  བོད་རྒྱའི་ལོ་རྒྱུས་ཀྱི་ཡིག་ཚང་ཀུན་ན་གསལ་ལེམ་མེར་བཀྲ་བའི་གསེར་ནག་གི་ཡིག་འབྲུ་རྡོག་རྡོག    མདོ་ཁམས་མགར་ཐར་བྱམས་པ་གླིང་ཞེས་ ས་ཡི་དགེ་མཚན་མངོན་པར་འཕགས་ཤིང་ས་དགེ་ཆུ་འཛོམས་ཀྱི་ཡུལ་གྲུ་དེ་ནས་མདོ་ཁམས་མགར་ཐར་ཡུལ་གྱི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་ཐེངས་དྲུག་པ་དེ་སྤེལ་བ་རེད།
མདོ་ཁམས་མི་ཉག་མགར་ཐར་རྟ་རྒྱུག་ཆེན་མོ་ཞེས་པ་འདི་ནི་མགར་ཐར་དགོན་ཆེན་གྱི་དགོན་བདག་མཆོག་སྤྲུལ་འཇིགས་མེད་རྣམ་པར་རྒྱལ་བའི་སྲས་པོ་མཆོག་གིས་ཐུགས་ཁུར་བཞེས་ཤིང་འབྲེལ་ཡོད་ཀྱི་ཤང་དང་རྫོང་རིམ་པའི་སྲིད་གཞུང་གིས་རྒྱབ་སྐྱོར་འོག་སྤྱི་ལོ༢༠༠༧ལོར་དངོས་སུ་དབུ་བརྙེས་ཤིང་ད་ལྟའི་བར་དུ་བགྲང་བྱ་དྲུག་གི་ལོ་རྒྱུས་བརྒྱུད་རིམ་བརྒལ་ནས་རྟ་རྒྱུག་འགྲན་བསྡུར་འདི་ཡང་སྔ་ཕྱི་ཐེངས་དྲུག་ལ་སྤེལ་བ་རེད། ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་འདི་ཉིད་ཉིན་བདུན་གྱི་རིང་ལ་སྤེལ་ཞིང་། རྟ་མཆོག་གི་མགྱོགས་པའི་བང་ཁ་གཤིབས་པའི་ཚུལ་ལའང་སྔར་གྱི་རྒྱུག་ར་དང་མི་འདྲ་བར་མགར་ཐར་དགོན་ཆེན་གྱི་མདུན་རོལ་གྲམ་སྐྱ་ཐང་ཞེས་པའི་ཐང་ཆེན་ཞིག་ཡོད་པ་དེར་ལྕགས་དྲ་དང་དར་གྱི་ར་བ་བརྒྱབ་ཏེ་དེང་རབས་འཛམ་གླིང་སྟེང་གི་སྐྱ་རྩལ་འགྲན་བསྡུར་གྱི་རྣམ་པར་བསྒྱུར་ཏེ་རྒྱུག་ར་གསར་བསྐྲུན་བྱས་ཤིང་།  རྒྱུག་ཐག་ཀྱང་སྔར་གྱི་སྤྱི་ལེ་བཅུ་གཅིག་གི་ལམ་ཐག་ནས་ད་ཐེངས་ལ་སྤྱི་ལེ་བཅུ་དྲུག་གི་བར་དུ་ཇེ་རིང་བཏང་ཞིང་།   བྱང་རྒྱུག་དང་རྒྱུག་ཆུང་།  རྒྱུག་ཆེན་བཅས་རིམ་པ་གསུམ་དུ་དབྱེ་ནས་ཐང་ཆེན་གྱི་དཀྱིལ་གྱི་རྒྱུག་ར་ལ་སྐོར་བ་ཐེངས་བཅུ་དང་ཕྱེད་ཀ་རྒྱུག་དགོས་ཤིང་དུས་ཡུན་སྐར་མ་སུམ་ཅུ་ཙམ་འགོར་གྱིན་ཡོད་པ་རེད།   བྱང་རྒྱུག་དང་རྒྱུག་ཆུང་བརྒྱུད་ནས་རྟ་མཆོག་གདམས་བསལ་གྱིས་མཇུག་མཐའི་རྒྱུག་ཆེན་དུ་རྒྱུག་རྟ་རྩེ་གྲས་བཅུ་བདུན་ཐེངས་འདིའི་རྒྱུག་འགྲན་ལ་ཞུགས་ནས་མགྱོགས་པའི་བང་ཁ་གཤིབས་པ་རེད།   དུས་ཡུན་སྐར་མ་སུམ་ཅུ་ལ་ཉེ་བ་ཙམ་གྱིས་རྟ་མཆོག་དེ་དག་གི་མགྱོགས་བལ་གྱི་གོ་རིམ་རིམ་བཞིན་གསལ་བ་རེད།  
 རྟ་རྒྱུག་འགྲན་ཚོགས་འདི་ཉིད་རྟ་རྒྱུག་པ་རྐྱང་བ་ཙམ་མ་ཡིན་པར་དེར་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་སོགས་འཁྲབ་སྟོན་དང་།  གླུ་ལེན་གར་རྩེན། རྟ་མཆོག་གི་འགྲོས་འགྲན་པ་དང་སྐྱ་རྩལ།  དམངས་ཁྲོད་ཀྱི་སྲོལ་རྒྱུན་རྩེད་རིགས་སོགས་རིག་རྩལ་གྱི་རྣམ་གྲངས་བགྲང་ལས་འདས་པ་ཞིག་འདིར་འདུས་པས། དེས་མགར་ཐར་ཡུལ་གྱི་དམངས་ཁྲོད་རིག་གནས་སྔོགས་འདོན་དང་རྒྱུད་འཛིན།  དར་སྤེལ་སོགས་ལ་བྱས་རྗེས་བླ་ན་མེད་པ་ཐོབ་བཞིན་ཡོད་པ་རེད།
མཇུག་མཐར་ཐེངས་འདིའི་རྩ་འཛུགས་པས་རྒྱུག་རྟ་རེ་རེ་ལ་ཨང་རིམ་བཞིན་བྱ་དགའ་གནངས་ཤིང་མཆོག་སྤྲུལ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་འགྲན་ཚོགས་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནངས་ཤིང་མ་འོངས་པར་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལུགས་དང་།  རང་རང་སོ་སོའི་ཕ་མེས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྐད་དང་ཡི་གེ་ལ་བརྩི་འཇོག་དང་དེར་རྒྱུད་འཛིན་དགོས་ལུགས།  སྔར་ལས་ལྷག་གིས་ནང་ཁུལ་མཐུན་སྒྲིལ་དང་འཆམ་མཐུན་དགོས་ལུགས་སོགས་ཀྱི་ཁ་ཚ་དགོས་ལ་གཏུག་པའི་བསླབ་བྱ་གལ་ཆེ་གནང་བ་རེད།

   མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།མདོ་ཁམས་མགར་ཐར་ཡུལ་དུ་སྐབས་དྲུག་པའི་རྟ་རྒྱུག་འགྲན་བསྡུར་ཆེན་མོ་སྤེལ།






 

  • ལེ་ཚན་སྔོན་མ།:2012ལོའི་བོད་སོག་གསོ་རིག་ཆེད་ལས་ཀྱི་སྨན་པའི་ཐོབ་ཐང་ལག་ལེན་གྱི་ལག་རྩལ་རྒྱུགས་ལེན་བྱེད་སྒོ།
  • ལེ་ཚན་རྗེས་མ།:2012ལོའི་བོད་སྐད་ཡིག་ཡིག་སྒྱུར་ཆེད་མཁས་པའི་བྱ་བའི་ཚོགས་འདུ་ལན་ཀྲིག་ནས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།