རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཁག་མཚོ་སྔོན་དུ་ཡོང་ནས་གྲོས་གཞི་ལག་བསྟར་བྱེད་པར་ཡར་སྐུལ་བཏང་བ།

    མཚོ་སྔོན་གསར་འགྱུར་དྲ་བ།    2012-08-03

མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི«མཚོ་སྔོན་ཞིང་ཆེན་ཤར་རྒྱུད་བར་སའི་ཐན་སྐམ་ས་ཁུལ་གྱི་ཆུ་བེད་ཕྱོགས་བསྡུས་བཟོ་སྐྲུན་སྤེལ་བར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི»ཞེས་པ་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་བོར་བཟུང་སྟེ་ལྟ་སྐུལ་ཐག་གཅོད་བྱེད་པའི་འཐུས་མིའི་གྲོས་གཞིའི་གྲས་སུ་ཚུད་ཡོད།

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་དང་། ཆུ་བེད་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། རྒྱལ་ཁོངས་ཐོན་ཁུངས་པུའུ། ཞིང་ལས་པུའུ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པས་གྲུབ་པའི་རྟོག་ཞིབ་ཚན་ཁག་གི་མི་ཉེར་ལྔས་རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྥོན་ཧྥུན་ཡུག་དང་། ཝང་ཅིན་ཧྲན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཀྲིན་ཝེ། རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་མུན་ཡུས་སོགས་ཀྱི་སྣེ་ཁྲིད་འོག་ཏུ། མཚོ་སྔོན་གྱི་ཤར་རྒྱུད་བར་སའི་ཐན་སྐམ་ཆེ་བའི་ས་ཁུལ་གྱི་ཆུ་བེད་ཕྱོགས་བསྡུས་བཟོ་སྐྲུན་སྒྲུབ་པར་ཉིན་གསུམ་རིང་ལ་རྟོག་ཞིབ་བྱས་ཏེ། མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི«མཚོ་སྔོན་ཞིང་ཆེན་ཤར་རྒྱུད་བར་སའི་ཐན་སྐམ་ས་ཁུལ་གྱི་ཆུ་བེད་ཕྱོགས་བསྡུས་བཟོ་སྐྲུན་སྤེལ་བར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི»ལག་བསྟར་བྱེད་པར་ཡར་སྐུལ་བཏང་།

མཚོ་སྔོན་ཤར་རྒྱུད་ཀྱི་བར་སའི་ཐན་སྐམ་ཆེ་བའི་ས་ཁུལ་ནི་ཟི་ལིང་དང་། མཚོ་ཤར། མཚོ་ལྷོ། རྨ་ལྷོ་བཅས་ཁུལ་དང་རྫོང་བཅུ་དྲུག་ཡིན་ལ། སའི་རྒྱ་ཁྱོན་ལ་མུའུ་ས་ཡ་གསུམ་འབུམ་ལྔ་ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཞི་བཅུ་ཞེ་གསུམ་གྲངས་ཆུང་གཉིས་ཟིན། མི་གྲངས་ས་ཡ་གཅིག་འབུམ་བརྒྱད་ཁྲི་གསུམ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་སུམ་ཅུ་སོ་གཉིས་ཟིན།

རྟོག་ཞིབ་ཚན་ཁག་གིས་ལས་གཞི་འདིའི་བྱེ་བྲག་གི་བྱ་བར་རེ་བ་བཏོན་པ་སྟེ། གཅིག་ནི་ཆུ་བེད་པུའུ་ཡིས་ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་སོ་སོས་མཐུན་སྦྱོར་དམ་འཛིན་བྱས་ཏེ། ཕྱོགས་བསྡུས་ལས་གཞི་འདི་མགོ་འཛུགས་པའི་བྱ་བར་ད་ལོར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལོན་པར་འབད་བརྩོན་བྱེད་དགོས། གཉིས་ནས་ཕྱོགས་བསྡུས་ལས་གཞི་ལག་བསྟར་བྱེད་པའི་ཁྲོད་ལས་མགོ་ཚུགས་པའི་ལས་གཞི་རྐྱང་མའི་བཟོ་སྐྲུན་དམ་འཛིན་བྱས་ཏེ། སྔ་མོ་ནས་ཕན་འབྲས་ལེགས་པོ་བླངས་ཏེ་མཚོ་སྔོན་མི་དམངས་ལ་ཕན་ཁེ་བསྐྲུན་དགོས། རྒྱལ་ཡོངས་དམངས་ཆེན་ཞིང་སྡེ་ཨུ་ཡོན་ལྷན་ཁང་ནི་གྲོས་གཞི་འདི་ལྟ་སྐུལ་ཐག་གཅོད་ལས་ཁུངས་ཡིན་པའི་ཆ་ནས། རང་འགན་ལེགས་བསྒྲུབ་དང་། ནན་ཏན་གྱིས་རྟོག་ཞིབ་བྱེད་དགོས་པ་མ་ཟད། རྟོག་ཞིབ་སྙན་ཞུ་བཀོད་དེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་འབུལ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་སྡེ་ཁག་གིས་ལག་ལེན་དངོས་འབེབས་བྱེད་པར་ཡར་སྐུལ་བྱེད་དགོས་པ་དང་མཉམ་དུ། འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་མཐུན་སྦྱོར་རམ་འདེགས་བྱེད་པར་ཤུགས་བསྣན་ཏེ། མཚོ་སྔོན་གྱི་དམངས་འཚོར་འབྲེལ་བ་ཡོད་པའི་ཆུ་བེད་ལས་གཞི་འདི་སྔ་མོ་ནས་ལེགས་འགྲུབ་འབྱུང་བར་རོགས་རམ་བྱེད་དགོས་ཟེར།

  • ལེ་ཚན་སྔོན་མ།:སྐྱིད་པའི་དཔལ་གྱིས་བརྟས་པའི་ཤིང་སློང་དུས་ཆེན་རོལ་བ།
  • ལེ་ཚན་རྗེས་མ།:བཞད་མཐོང་སྨོན་རྫོང་གི་རྟ་རྒྱུག་འགྲན་ཚོགས་སྐབས་བཞི་བའམ་དངོས་ཟོག་བརྗེ་རེས་ཚོང་ཚོགས་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།