ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོ་སྟེང་གསུང་བཤད་གལ་ཆེན་གནང་བ

    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-07-25

 ཟླ་7པའི་ཚེས་23ཉིན་གྱི་སྔ་དྲོ། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོ་པེ་ཅིན་ནས་བསྡུས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་གསུང་བཤད་གལ་ཆེན་གནང་། ཧུའུ་ཅིན་ཐའོ་ཡིས་ནན་གྱི་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོ་བསྒྲེངས་བ་དང་ཏིན་ཞའོ་ཕིན་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་བཟུང་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་དང་། བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། དཀའ་ཁག་ཁྱད་གསོད་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མདུན་དུ་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆས་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ཝུའུ་པང་ཀོ་དང་། ཝུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲོན། ལིས་ཁི་ཆིང་། ཧི་གོ་ཆིང་། ཀྲིག་ཡུང་ཁང་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ཞིས་ཅིན་ཕེན་གྱིས་མཛད་སྒོར་མགོ་འཛིན་མཛད།
ཧུའུ་ཅིན་ཐའོ་ཡིས་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་དར་ཆ་ཡིན་ལ་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་འབད་བརྩོན་གྱི་དར་ཆ་ཡང་ཡིན། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པར་ཏིན་ཞའོ་ཕིན་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་བཟུང་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིས་ཀྱང་རྒྱུན་འཁྱོངས་དང་གོང་དུ་སྤེལ་དགོས། ང་ཚོས་ཅིས་ཀྱང་བྱ་བ་དམ་འཛིན་དང་དངོས་འབེབས་ལེགས་འཛིན་བྱས་ཏེ་མ་འོངས་པའི་ལོ་ལྔའི་ནང་དུ་2020ལོར་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིངས་ནས་དུས་རབས་འདིའི་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་དགོས། ང་ཚོས་ཏང་དང་མི་དམངས་ཀྱི་དུས་ཡུན་རིང་བོར་ལག་ལེན་ཁྲོད་གསར་དུ་བཏོད་པའི་ཡང་དག་བགྲོད་ལམ་སྟེང་ཅིས་ཀྱང་གཡོ་འགུལ་སྤུ་ཙམ་མེད་པར་བསྐྱོད་ནས་ཉེན་ཁ་ཇི་ལ་ཡང་མི་སྐྲག་པ་དང་གནོད་པ་ཇི་ཡང་མི་ཐེབས་པར་བྱེད་དགོས། ང་ཚོས་ཅིས་ཀྱང་གཡོ་འགུལ་སྤུ་ཙམ་མེད་པར་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་དང་ནམ་ཡང་མཁྲེགས་འཛིན་མི་བྱེད་ལ་ནམ་ཡང་བསྐྱོད་མཚམས་མི་འཇོག་པར་མཐུན་སྒྲིལ་བྱས་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་དང་། སྐུལ་སློང་བྱས་ཆོག་པའི་ཕན་ཡོད་ཀྱི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་བྱས་ནས་ཡིད་ཆེས་བརྒྱ་འགྱུར་གྱིས་མདུན་བསྐྱོད་བགྲོད་ལམ་སྟེང་གི་དཀའ་ཁག་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་དགོས་ཞེས་བསྟན།
ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ད་ལྟའི་རྒྱལ་ནང་གི་གནས་བབ་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ན་ང་ཚོའི་མདུན་དུ་སྔར་མེད་ཀྱི་གོ་སྐབས་དང་འཕྲད་ཡོད་ལ། སྔར་མེད་ཀྱི་འགྲན་སློང་ཡང་འཕྲད་ཡོད་པས་རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་གོ་སྐབས་ལྡན་པའི་དུས་སྐབས་ཤིག་ཏུ་གནས་ཡོད། གོ་སྐབས་དེ་འཆོར་མེད་དུ་འཛིན་ཐུབ་མིན་དང་བབ་བརླིང་གིས་འགྲན་སློང་དང་གདོང་བསུ་བྱེད་ཐུབ་མིན་དེ་གནད་འགག་ནི་ང་ཚོའི་བསམ་བློའི་ངོས་ཟིན་དང་།ང་ཚོའི་བྱ་བའི་ཤུགས་ཚད། ང་ཚོས་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་གོམ་སྟོབས་བཅས་ལ་རགས་ལས་ཡོད། ང་ཚོས་ད་ལྟའི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་གནས་བབ་ལ་ཕྱོགས་ཡོངས་ནས་ཞིབ་ཏུ་གཞིགས་ནས་རང་རྒྱལ་གྱི་འཕེལ་རྒྱས་རེ་བ་དང་མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་བ་ཕྱོགས་ཡོངས་ནས་གདེངས་ཚོད་བཟུང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་ཀྱི་བླང་བྱ་དང་མི་དམངས་ཀྱི་རེ་འདུན་དང་མཐུན་པའི་བྱ་སྒྲུབ་རྩ་གནད་དང་ཇུས་ཆེན་བྱེད་ཕྱོགས་གཏན་ལ་ཕབ་ནས་འབད་བརྩོན་ལྷོད་མེད་དང་ཧུར་ཐག་གིས་བྱ་བ་སྒྲུབ་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་མུ་མཐུད་ནས་སྐུལ་འདེད་དང་འཆམ་མཐུན་སྤྱི་ཚོགས་ཡར་སྐུལ། མི་དམངས་ཀྱི་འཚོ་བ་མུ་མཐུད་ནས་ལེགས་སྒྱུར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་དུས་རབས་ཀྱིས་སྤྲད་པའི་གཟི་བརྗིད་དང་དཀའ་ཚེགས་གཉིས་ལྡན་གྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་བསྟན།
ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། ང་ཚོ་ཧ་ཅང་བདེ་སྙོམ་མིན་པའི་ལམ་ཞིག་བརྒྱུད། ལོ་བཅུ་པོ་འདིའི་རིང་ལ་བལྟས་ན། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་ཆེ་ཞིང་རྒྱལ་ནང་གི་བཅོས་བསྒྱུར་དང་གོང་སྤེལ། བརྟན་བརླིང་གི་ལས་འགན་ཤིན་ཏུ་ལྗི་བས་ང་ཚོས་རང་རྒྱལ་གྱི་འཐབ་ཇུས་གོ་སྐབས་གལ་ཆེན་འདི་དམ་འཛིན་དང་བེད་སྤྱོད་གང་ལེགས་བྱས་ཏེ་ཛ་དྲག་ཆེ་བའི་འགྲན་སློང་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་འཕེལ་རྒྱས་གོ་རིམ་གསར་བ་ཞིག་ཏུ་སྐུལ་འདེད་བྱས། ང་ཚོས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དར་རྒྱས་འདི་འདྲ་བླངས་པ་ནི་ཆེས་གལ་ཆེ་བ་ནི་མར་ཁེ་སི་རིང་ལུགས་དང་ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ལག་ལེན་རྨང་གཞིའི་སྟེང་གཞུང་ལུགས་གསར་གཏོད་བྱེད་ཕོད་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་གྲུབ་པ་དང་ལག་ལེན་མཐར་ཕྱིན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བར་ཤུགས་ཡོད་ཀྱི་གཞུང་ལུགས་མཛུབ་སྟོན་འདོན་སྤྲོད་བྱས་ཡོད། ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་ནི་སྔར་བཞིན་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས་འགྲན་སློང་རང་བཞིན་ལྡན་པའི་འགལ་བ་དང་དཀའ་ཁག་རབ་དང་རིམ་པར་འཕྲད་ཡོད། ང་ཚོས་སྔར་ལས་འགྱུར་བ་མེད་པའི་ཆོད་སེམས་དང་སྔར་ལས་ཤུགས་ཡོད་ཀྱི་བྱེད་ཐབས། སྔར་ལས་འཐུས་སྒོ་ཚང་བའི་སྒྲིག་སྲོལ་བཅས་ཀྱིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་དངོས་འབེབས་བྱས་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པོས་གོང་དུ་སྤེལ་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་ཞེས་བསྟན།

ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཡུན་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རིགས་གཞུང་གལ་ཆེན་དང་ལག་ལེན་གྲུབ་འབྲས་བླངས་ཤིང་། དེ་ལས་ཆེས་གལ་ཆེ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གསར་གཏོད་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་ཆགས་པར་མ་ཟད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་གཏན་འཁེལ་བྱས། འདི་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་དགུ་བཅུའི་རིང་ལ་འབད་བརྩོན་དང་གསར་གཏོད། བསགས་པའི་རྩ་བའི་གྲུབ་འབྲས་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱེད་པ་དང་ནམ་ཡང་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས། ལོ་རྒྱུས་གསར་བའི་ཆ་རྐྱེན་འོག་ཏུ་ང་ཚོས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སྐུལ་འདེད་གཏོང་དགོས་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་རིགས་གཞུང་གི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་ཕུན་སུམ་ཚོགས་པར་གཏོང་དགོས་ཟེར།

ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་རང་རྒྱལ་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དེ་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་པ་དང་། མ་འོངས་བར་འཕེལ་རྒྱས་སུ་གཏོང་བ་དེ་ཡང་ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས་པ་ཡིད་ལ་དམ་པོར་འཛིན་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་ཚེ་ད་གཟོད་ཀྲུང་གོ་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་འགྲོ་བ། མར་ཁེ་སི་རིང་ལུགས་འཕེལ་རྒྱས་འགྲོ་ཐུབ། ང་ཚོས་ངེས་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅོས་སྒྱུར་གསར་སྐྲུན་གྱི་སྙིང་སྟོབས་དེ་རྒྱལ་བཅོས་སྲིད་སྐྱོང་གི་བྱ་བའི་ཁྲོད་དུ་ལག་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སྔར་ལས་རང་རྟོགས་དང་སྔར་ལས་རྦད་ཆོད་སྒོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་མུ་མཐུད་དུ་ལམ་ལུགས་འཛུགས་སྐྲུན་དང་གསར་སྐྲུན་ཕྱོགས་སུ་གྲུབ་འབྲས་གསར་བ་ལེན་དགོས་པར་མ་ཟད། བཅོས་སྒྱུར་སྒོ་འབྱེད་སྲིད་ཇུས་སྔར་ལས་ལག་བསྟར་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར།

དཔལ་འབྱོར་འཕེལ་སྟངས་མྱུར་དུ་སྒྱུར་བའི་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་ནི་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་བྱ་བ་གཙོ་བོ་ཡིན་པ་དང་འཕེལ་རྒྱས་སྔར་བཞིན་དུ་རང་རྒྱལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་པའི་གནད་འགག་ཡིན། དེང་རབས་ཀྱི་ཀྲུང་གོར་མཚོན་ན་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་ནི་གནས་ལུགས་ཡོད་པའི་རང་གཤིས་ཀྱི་རེ་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ནང་དོན་གཙོ་བོར་འཛིན་པ་དང་དཔལ་འབྱོར་གྱི་འཕེལ་སྟངས་མྱུར་དུ་སྒྱུར་རྒྱུ་གཞིར་འཛིན་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གདམ་གསེས་ཡིན། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་ངོས་ཟིན་མཐོར་འདེགས་སུ་བཏང་སྟེ་རྦད་ཆོད་སྒོས་ཀྲུང་དབྱང་གི་དཔལ་འབྱོར་འཕེལ་སྟངས་མྱུར་དུ་སྒྱུར་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྐང་འཛུགས་ས་དེ་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཕྱོགས་སུ་སྒྱུར་དགོས་ལ། གསར་སྐྲུན་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱེད་པ་དང་དཔལ་འབྱོར་སྒྲིག་གཞི་འཐབ་ཇུས་རང་བཞིན་གྱི་སྒོ་ནས་སྙོམས་སྒྲིག་བྱེད་པ། གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་སོགས་འཐབ་ཇུས་ཀྱི་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པ་དང་། རིགས་མི་འདྲ་བའི་ཚོང་རའི་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་བར་ཡར་སྐུལ་བཏང་སྟེ་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་དུ་སྒྱུར་བ་བཅས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་མུ་མཐུད་དུ་ཡུན་རིང་འཕེལ་རྒྱས་སུ་འགྲོ་བའི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་སྒྲིག་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་སྐབས། ངེས་པར་དུ་ཏང་གིས་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་ཁྱབ་རྒྱ་སྔར་ལས་ཡངས་བར་བྱེད་ཅིང་མི་དམངས་དམངས་གཙོའི་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོའི་འདེམ་བསྐོ་དང་དམངས་གཙོའི་ཐབས་ཇུས།དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་རྟོག་བཅས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ཁྲིམས་སྐྱོང་གིས་རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་ཡིད་འཇོག་ཆེན་པོ་བྱེད་དགོས་ལ། རྒྱལ་ཁབ་ཁྲིམས་སྐྱོང་གི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོབ་བྱས་ནས། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ཡོང་བ་འགན་སྲུང་དང་མི་དམངས་ཀྱིས་ཁྲིམས་ལྟར་དོན་དག་བསྒྲུབ་པའི་དབང་ཆ་ཁག་ཐེག་བྱེད་དགོས་ཟེར།

སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་སྐོར་གླེང་སྐབས་ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ང་ཚོ་ཏང་གིས་དུས་རབས་དང་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསལ་བོར་ཤེས་པར་བྱེད་པ་དང་། ཧུར་ཐག་སྒོས་རིགས་སོ་སོའི་མི་དམངས་ཀྱི་བསམ་བློའི་རིག་གནས་དགོས་མཁོ་སྐོང་བའི་ཐད་ལ་གཏན་འཁེལ་བྱས་པའི་འཐབ་ཇུས་གལ་ཆེན་ཡིན། ང་ཚོ་བློ་ཐག་རྦད་ཆོད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་། མི་དམངས་ལ་ཞབས་ཕྱི་བསྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་ཕྱི་བསྒྲུབ་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དོན་དངོས་དང་འབྲེལ་བ་དང་འཚོ་བ་དང་འབྲེལ་བ། མང་ཚོགས་དང་འབྲེལ་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཚད་མཐོ་བའི་རིག་གནས་རང་རྟོགས་དང་རིག་གནས་ཡིད་ཆེས་ཆགས་པར་བྱེད་དགོས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་བོའི་དཔལ་ཡོན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

  • ལེ་ཚན་སྔོན་མ།:ཀན་སུའུ་བོད་ཀྱི་སྐད་དང་ཡི་གེའི་བྱ་བ་གཉེར་མཁན་རྣམས་ཀྱིས“དཔའ་རིས”ས་མིང་རིག་གནས་ལ་རྟོག་ཞིབ་བྱེད་པ།
  • ལེ་ཚན་རྗེས་མ།:པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ལ་དྲག་ཆར་བབས་པ།
  • དོ་སྣང་ཆེ་བའི་རྩོམ།