ཟླ7པའི་ཚེས20ཉིན། 2012ལོའི་ཀྲུང་གོ་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གཉིས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། སྐབས་འདིའི་པར་ལེན་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་བསྒྲགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏུས་མ་ཅ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་ཏེ་གཏམ་བཤད།སྐབས་འདིའི་པར་ལེན་དུས་ཆེན་དེ་ཟླ8པའི་ཚེས11ནས13ཉིན་བར་ཟི་ལིང་གྲོང་ཁྱེར་ནས་བསྡུ་རྒྱུ་ཡིན་ལ། པར་ལེན་དུས་ཆེན་གྱིས་རབ་མཛེས་མཚོ་སྔོན་གྱི་མཛེས་པ་འོད་དང་བརྙན་གཟུགས་གྱི་ལམ་ནས་འགོད་པ་བརྗོད་བྱར་བཟུང་སྟེ། རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་པར་ལེན་བརྩམས་ཆོས་དང་པར་ལེན་སྒྱུ་རྩལ་གྱི་འཕེལ་རྒྱུས་ཆུ་ཚད། སྒྱུ་རྩལ་གྱི་གྲུབ་འབྲས་བཅས་ངོམ་པ་དང་། རབ་མཛེས་མཚོ་སྔོན་གྱི་རང་བྱུང་བཀོད་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ད་ལྟའི་གནས་ཚུལ། ཡུལ་སྲོལ་གོམས་འདྲིས་བཅས་ངོམ་རྒྱུ་རེད།སྐབས་འདིའི་གཙང་གསུམ་འབྱུང་ཡུལ་གྱི་པར་ལེན་དུས་ཆེན་གྱི་བྱ་འགུལ་གཙོ་བོ་ནི་བརྗོད་བྱའི་བརྙན་པར་འགྲེམ་སྟོན་དང་། བརྙན་པར་མཐོ་རིམ་གླེང་སྟེགས། པར་ལེན་པའི་ཉམས་འགྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་གྱི་འགྲེམ་སྟོན་ཆེན་མོའི་བྱ་དགའ་སྟེར་བའི་དགོང་ཚོགས་སོགས་ལས་གྲུབ་པ་ཡིན་ལ། མིག་སྔར་བྱ་འགུལ་སྣ་ཚོགས་ཀྱི་གྲ་སྒྲིག་བྱ་བ་བསྒྲུབ་པ་བདེ་ལེགས་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་པར་ལེན་པ་སྟོང་གཅིག་ལྔ་བརྒྱ་ལྷག་གི་བརྩམས་ཆོས་ཁྲི་ཙམ་གདན་ཞུས་ཡོད་པ་ལས་གཞན། ཨ་མེ་རི་ཁ་དང་འཇར་མན། ཧྥ་རན་སི། དབྱིན་ཇི། དབྱི་ཐ་ལི། རྒྱ་གར། ཨ་ཀིན་ཐིན། ཞི་ལ་སོགས་རྒྱལ་ཁབ་བཅོ་ལྔའི་པར་ལེན་པ་གྲགས་ཅན་གདན་དྲངས་པ་ལྟར་པར་ལེན་དུས་ཆེན་གྱི་མཛད་སྒོར་ཞུགས་རྒྱུ་རེད། །