བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-07-16
སློབ་སྐྱོར་དངུལ་ཟོག་གནང་བཞིན་པའི་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་མངའ་བའི་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ནི་མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཚོགས་སྡོད་ཨུ་ཡོན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས1994ལོར་བཙུགས་པའི་མཚོ་སྔོན་ཞིང་ཆེན་གྱི་སྒེར་བཙུགས་སློབ་གྲྭ་ཐོག་མ་ཡིན་པར་མ་ཟད། མིག་སྔའི་བར་དུ་དམངས་སྒྲུབ་ལས་རིགས་སློབ་གྲྭ་ཁོ་ན་ཡིན། སློབ་གྲྭ་འདི་བཙུགས་པ་ནས་བཟུང་། རྒྱལ་ཁབ་ཀྱི་སློབ་གསོ་སྲིད་ཇུས་རྒྱབ་སྐྱོར་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཐུགས་ཁུར་འོག་སློབ་གྲྭའི་གཞི་རྒྱ་ཆེ་རུ་ཕྱིན་པ་དང་ཆབས་ཅིག སློབ་མ་རྣམས་ཀྱིས་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་སུ་སོང་།
ད་ལོའི་ཟླ3པ་ནས་བཟུང་། སློབ་གྲྭ་འདིས་ཞིང་ཆེན་དང་ཁུལ་རྫོང་རིམ་པའི་དམངས་སྲིད་སྡེ་ཁག་གི་རྒྱབ་སྐྱོར་འོག་ཀྲུང་དབྱང་ནོར་སྲིད་མ་དངུལ་བརྩོན་ལེན་བྱས་ནས་སྤྱི་ཚོགས་རྩ་འཛུགས་གྱི་གོང་སྤེལ་དཔེ་སྟོན་ལས་གཞི་ལ་རྒྱབ་སྐྱོར་གནང་ཞིང་། སློབ་གྲྭ་འདིས་རེ་ཞུ་བྱས་པའི“དྭ་ཕྲུག་དང་དཀའ་ངལ་ཅན་གྱི་སློབ་མའི་རོགས་སྐྱོར་གོང་སྤེལ་དཔེ་སྟོན་ལས་གཞི”དེ་རྒྱལ་ཁབ་དམངས་སྲིད་པུའུ་ཡིས་བདམས་ནས། ད་ལོ་ནས་བཟུང་ལོ་གསུམ་ནང་དུ་ལོ་རེར་སྒོར་ཁྲི29ཡིས་རོགས་སྐྱོར་གནང་རྒྱུ་རེད། ཟླ6པའི་ཟླ་འགོར་ད་ལོའི་ལས་གཞིའི་དངུལ་གྲངས80%སྟེ་རོགས་སྐྱོར་མ་དངུལ་སྒོར་ཁྲི23.2དངོས་འབེབ་བྱས་ལ། དེའི་ཁྲོད་ཀྱི་མ་དངུལ་ཁག་ཅིག་གིས་སློབ་མའི་འབྲི་དེབ་དང་། སྨྱུ་གུ སྨྱུག་སྒམ། འདག་རྫས་སོགས་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་དག་ཉོས་ནས་ཟླ6པའི་ཚེས22ཉིན་རོགས་སྐྱོར་དངུལ་ཟོག་གནང་བའི་མཛད་སྒོ་བསྡུས་པ་རེད།
ཐེངས་འདིར་ལོ་གཅིག་ལ་སློབ་སྐབས་གཉིས་སུ་དགར་བ་ལྟར་ད་ལོའི་ཟླ3པ་ནས་བརྩིས་ཏེ་ཁྱོན་བསྡོམས་དྭ་ཕྲུག56དང་དཀའ་ངལ་ཅན་གྱི་སློབ་མ550ལ་མི་རེར་ཟླ་རེ་ལ་སྒོར120དང་སྒོར40ཡི་རོགས་དངུལ་གནང་བར་མ་ཟད། རིན་ཐང་སྒོར200དང་སྒོར100ཡི་སློབ་སྦྱོང་དང་འཚོ་བའི་མཁོ་ཆས་རིགས30དང་རིགས20གནང་བ་རེད།
སློབ་སྐྱོར་ལས་གཞི་ལག་ཏུ་བསྟར་བའི་བརྒྱུད་རིམ་ཁྲོད། དེའི་འཕྲོའི་དངུལ་གྲངས20%སྟེ་རོགས་སྐྱོར་མ་དངུལ་སྒོར་ཁྲི5.8སློབ་གྲྭ་འདི་གས་ཟླ8པའི་ཟླ་དཀྱིལ་ལ《ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ཚོགས་རྩ་འཛུགས་ཁག་སྤྱི་ཚོགས་ཞབས་ཞུའི་ཁྲོད་ཞུགས་པར་རྒྱབ་སྐྱོར་གནང་བའི་ལས་གཞིའི་དུས་དཀྱིལ་སྙན་ཞུ་ཡི་གེ》ལ་ཆོག་མཆན་ཐོབ་རྗེས་དངོས་འབེབ་བྱེད་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10