ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-07-16
ཟླ7པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་བརྗེ་རེས་ཀྱི་ཐད་ལ་ཤུགས་སྣོན་དང་། མཚོ་སྔོན་གྱི་གླིང་སྒྲུང་ལས་དོན་དར་རྒྱས་སུ་གཏོང་བར། མཚོ་སྔོན་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་དང་། སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་གྲུབ་འབྲས་བྱ་དགའ་གནང་བའི་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། འབྲེལ་ཡོད་སྡེ་ཁག་གི་ཆེད་ལས་མཁས་པ་དང་རིག་གཞུང་མཁས་པ60ལྷག་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ། ཞིང་ཆེན་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ཅི་ཏེ་མཱ་ཅཱ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་།
ཐེངས་འདིའི་ཚོགས་ཐོག་ཏུ་ཚོགས་ཞུགས་པས་ཉེ་བའི་ལོ་འགའི་ནང་མཚོ་སྔོན་གྱི་གེ་སར་བྱ་བའི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་བྱ་བའི་སྐོར་ཡར་ཞུ་བྱས་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཚབ་བྱེད་པས་ཉེ་བའི་ལོ་འགའི་ནང་གེ་སར་བྱ་བའི་གནས་ཚུལ་ཡར་ཞུ་བྱས།
དེར་མ་ཟད་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་གེ་སར་ཞིབ་འཇུག་གྲུབ་འབྲས་བྱ་དགའི་ཆེད་རྩོམ་དང་དཔྱད་རྩོམ་རིགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པ10ལ་གཟེངས་རྟགས་བྱ་དགའ་གནང་ཞིང་། སྐབས་གསར་བའི་གེ་སར་བྱ་བའི་ཚན་ཆུང་གི་ཚོགས་མི་དང་གསར་དུ་བཙུགས་པའི་མཚོ་སྔོན་གེ་སར་བྱ་བའི་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན46གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག་ཁོ་ཚོར་གདན་ཞུའི་ཡི་གེ་དྲངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10