རྡོ་ཐར། དབང་གྲགས་རྡོ་རྗེ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-07-16
རྒྱལ་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་བདུན་པ་ཚེས13ཉིན་ནས་ཚེས14ཉིན་བར་པེ་ཅིན་དུ་བསྡུས། གྲོས་ཚོགས་མ་བསྡུས་པའི་སྔོན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་བརྩེ་བའི་སྒོ་ནས་ཚོགས་ཞུགས་འཐུས་མི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་བདུན་པ་ཚེས13ཉིན་ནས་ཚེས14ཉིན་བར་པེ་ཅིན་དུ་བསྡུས། གྲོས་ཚོགས་མ་བསྡུས་པའི་སྔོན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་བརྩེ་བའི་སྒོ་ནས་ཚོགས་ཞུགས་འཐུས་མི་ལ་མཇལ་འཕྲད་གནང་། ཧུའུ་ཅིན་ཐའོ་སོགས་ཀྱིས་འཐུས་མི་དག་ལ་བརྩེ་བའི་ཕྱག་འཇུ་གནང་བ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ་ཞུས་པར་མ་ཟད། འཕྲིན་བཅར་ལས་དོན་ཐད་དཀའ་སྤྱད་འབད་འབུངས་བྱེད་བཞིན་པའི་རྒྱལ་ཡོངས་ཀྱི་རྒྱ་ཆེའི་འཕྲིན་བཅར་ལས་བྱེད་པ་དག་ལ་བརྩེ་བའི་འཚམས་འདྲི་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་བཅས་མཇལ་འཕྲད་ལ་ཞུགས། ལིན་ཅི་ཧྭ་མཇལ་འཕྲད་ལ་ཞུགས་པ་དང་། ལིས་ཅན་གོ་དང་མ་ཁེ་སོགས་ཀྱང་མཉམ་དུ་ཞུགས་ཡོད།
ཀྲིག་ཡུང་ཁང་རྒྱལ་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་ནས་གསུང་བཤད་གནང་། གསུང་བཤད་གནང་སྐབས་ཀྲིག་ཡུང་ཁང་གིས་ཉེ་བའི་ལོ་འགའི་ནང་འཕྲིན་བཅར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་དཀྱིལ་སྙིང་ལ་ཁ་གཏད་དེ་དོན་དག་ཐག་གཅོད་དང་འབྱུང་ཁུངས་ལེགས་སྒྲིག་ཐད་ལ་ནུས་ཤུགས་བཏོན་པ་དང་། འཕྲིན་བཅར་གྱི་བགྲོད་ལམ་བཀག་རྒྱ་མེད་པ་དང་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ། འཕྲིན་བཅར་གྱི་སྒྲིག་ལམ་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ནས་བྱ་བ་མང་པོ་བསྒྲུབས་ཏེ། འཕྲིན་བཅར་གྱི་རྣམ་པ་རིམ་གྱིས་ཇེ་ལེགས་སུ་འགྲོ་བ་མངོན་འགྱུར་བྱུང་བ་མ་ཟད། མང་ཚོགས་ཀྱི་ཁེ་དབང་དང་། ཏང་དང་མང་ཚོགས་ཀྱི་འབྲེལ་བ་དང་ལས་བྱེད་མི་སྣ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱེད་པར་བྱས་རྗེས་གལ་ཆེན་བཞག རྒྱ་ཆེའི་འཕྲིན་བཅར་ལས་བྱེད་པས་ཏང་གི་དཀའ་བ་སེལ་བ་དང་དམངས་ཀྱི་དཀའ་ངལ་ཐག་གཅོད་པའི་འོས་འགན་ལག་བསྟར་བྱས་ནས་དཀའ་བ་མང་པོ་མྱངས་ཤིང་། སྔོན་ཐོན་དཔེ་ལེགས་ཅན་སྐོར་ཞིག་བྱུང་བ་ཡིས་དམངས་ལ་ཞབས་ཞུ་སྒྲུབ་པའི་ལས་ཁུངས་ཤིག་གི་སྣང་བརྙན་བཟང་བོ་མངོན་ཟེར།
ཀྲིག་ཡུང་ཁང་གིས་བསྟན་དོན། ལོ་དུ་མའི་རིང་གི་འཕྲིན་བཅར་བྱ་བའི་ཁྲོད་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཉམས་མྱོང་གལ་ཆེན་གསོག་འཇོག་བྱས་ཡོད། གཅིག་ནི་ངེས་པར་དུ་ཁྱོན་ཡོངས་ཀྱི་ལྟ་བ་བརྟན་པོར་བཅངས་ནས་འཕྲིན་བཅར་བྱ་བས་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པའི་ཐད་ཐོན་པའི་རྨང་གཞི་རང་བཞིན་གྱི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱེད་དགོས། གཉིས་ནི་ངེས་པར་དུ་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོར་བཅངས་ཏེ། ཏང་དང་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་དགོས། གསུམ་ནི་ངེས་པར་དུ་རྩ་ལག་མཉམ་བཅོས་བྱེད་པར་སྔར་ལས་དོ་སྣང་བྱས་ཏེ། དོན་དག་གཙོ་བོ་ཐག་གཅོད་བྱེད་པ་སྲོག་ཤིང་དང་འབྱུང་ཁུངས་ལེགས་བཅོས་བྱེད་པ་གཙོ་གནད་དུ་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས། བཞི་ནི་ངེས་པར་དུ་ཕྱོགས་སོ་སོའི་སྟོབས་ཤུགས་མཉམ་བསྡུས་བྱས་ཏེ་མང་ཚོགས་ཀྱིས་ངོ་གཏུག་བྱེད་པ་དང་ཁེ་དབང་མཐུན་སྦྱོར་བྱེད་པ། འགལ་བ་སེལ་བ་དང་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་བཙུགས་ཏེ་འཐུས་ཚང་དུ་གཏོང་དགོས་ཟེར།
ཀྲིག་ཡུང་ཁང་གིས་བསྟན་དོན། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ནང་དུ་འཕྲིན་བཅར་བྱ་བས་ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་པར་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་གནད་དོན་དང་དམངས་ཀྱི་འདོད་བློ་དུས་ལྟར་ཡར་ཞུ་བྱེད་པ། སྤྱི་ཚོགས་འཆམ་མཐུན་ལ་ནུས་ཤུགས་བསྐྱེད་པའི་དམིགས་འབེན་འདིར་ཁ་གཏད་ནས། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། མང་ཚོགས་ཀྱི་ངོ་གཏུག་དང་ལེན་བྱེད་པ། མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ལས་གཞན། བཀག་རྒྱ་མེད་པ་དང་གོ་རིམ་ཡོད་པ། དངོས་གཉེར་དང་ནུས་ལྡན་གྱི་འཕྲིན་བཅར་བྱ་བའི་སྒྲིག་ལམ་སྲ་བརྟན་ཏུ་བཏང་སྟེ། འཕྲིན་བཅར་གནད་དོན་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་ཕྱོགས་བསྡུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕྲིན་བཅར་བྱ་བ་སྒྲིག་སྲོལ་ཅན་དང་ཚུལ་མཐུན་ཅན། ཁྲིམས་ལུགས་ཅན་དུ་འཛུགས་བསྐྲུན་བྱེད་པར་ཤུགས་བསྐྱེད་དེ། སྔར་ལས་ལྷག་པའི་སྒོ་ནས་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ཞབས་ཞུ་སྒྲུབ་དགོས་ཟེར།
ཀྲིག་ཡུང་ཁང་གིས་བླང་བྱ་འགའ་བཏོན། གཅིག་ནས་འབྱུང་ཁུངས་ལ་སྔོན་འགོག་བྱེད་པར་ཤུགས་སྣོན་དགོས། ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་དམངས་གཙོ། ཁྲིམས་ལྟར་ཐག་གཅོད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་གཅིག་གྱུར་སྒོས་ཕྱོགས་སོ་སོའི་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། ནན་ཏན་སྒོས་ཁྲིམས་ལྟར་སྲིད་སྐྱོང་བ་དང་ཁྲིམས་འཛིན་གཙང་མ་དང་དྲང་བཞག་ཏུ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། གཉིས་ནས་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་ཤུགས་བསྐྱེད་དགོས། དམངས་ལ་ཕན་པའི་སྲིད་ཇུས་སོ་སོ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཚུལ་མཐུན་ངོ་གཏུག་ཐག་གཅོད་བཟང་བོ་བྱེད་པ་དང་། ཐག་བཅད་མེད་པའི་འཕྲིན་བཅར་གྱོད་དོན་ཐག་གཅོད་པ་དང་མང་ཚོགས་ཀྱིས་ཐོག་མར་ངོ་གཏུག་བྱས་པའི་གནད་དོན་ལ་མཐོང་ཆེན་བྱས་ཏེ། བྱ་བ་རེ་རེར་དོ་དམ་དང་ཐག་གཅོད་ཡོད་པར་བྱེད་དགོས། གསུམ་ནས་གཞི་རིམ་གྱི་རྨང་གཞི་ལ་ཤུགས་བསྐྱེད་དེ་སྲ་བརྟན་ཏུ་གཏོང་དགོས། ལས་བྱེད་མགོ་ཁྲིད་ཀྱིས་འཕྲིན་བཅར་དང་ལེན་བྱེད་པ་དང་། འགལ་བ་སེལ་བའི་སྒྲིག་སྲོལ་གཏིང་ཟབ་པར་ལག་བསྟར་བྱས་ཏེ། འཕྲིན་བཅར་གྱི་གཙོ་གནད་གཞི་རིམ་ལ་ཕྱོགས་པར་བྱས་ནས། མང་ཚོགས་ཀྱི་བྱ་བ་དོན་དམ་པར་ཐག་གཅོད་བཟང་བོ་བྱེད་དགོས། བཞི་ནི་གསར་གཏོད་ཀྱི་ལམ་ལུགས་ལ་ནུས་ཤུགས་བསྐྱེད་དགོས། འཕྲིན་བཅར་བྱ་བའི་གོ་རིམ་དང་ལས་དོན་ཐག་གཅོད་བྱེད་པའི་ཚད་གཞི་འཐུས་ཚང་དུ་བཏང་ནས་ཚན་རིག་དང་ཆེད་མཁས་ཀྱི་འཕྲིན་བཅར་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་ལས་གཞན། བྱ་བ་གཅིག་ཡང་དང་བསྐྱར་དུ་ངོ་གཏུག་བྱེད་པ་དང་རྒྱུན་ལྡན་མ་ཡིན་པའི་ངོ་གཏུག་ཇེ་ཉུང་དུ་བཏང་ནས་སྲིད་འཛིན་དང་སྤྱི་ཚོགས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་དགོས། ལྔ་ནི་ནུས་པ་ཡོད་པའི་སྒོ་ནས་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། གཅིག་གྱུར་གྱིས་སྣེ་ཁྲིད་པ་དང་། སྡེ་ཁག་གིས་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་སོ་སོའི་འགན་ཁུར་བ་དང་། ཐུན་མོང་གིས་དོ་དམ་བྱས་ཏེ། འཕྲིན་བཅར་གནད་དོན་ཐག་གཅོད་པའི་མཉམ་འབྲེལ་སྟོབས་ཤུགས་ཇེ་ཆེར་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཆེད་དུ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཟེར།
གྲོས་ཚོགས་ལས་རྒྱལ་ཡོངས་འཕྲིན་བཅར་མ་ལག་གི་སྔོན་ཐོན་ཐུན་མོང་བརྒྱ་དང་། སྔོན་ཐོན་བྱ་བ་སྒྲུབ་མཁན་བརྒྱ་བཅས་ལ་གཟེངས་བསྟོད་གནང་ཞིང་། མི་སུམ་བརྒྱ་དང་ལྔ་ལ་རྒྱལ་ཡོངས་འཕྲིན་བཅར་མ་ལག་གི་ཕུལ་བྱུང་འཕྲིན་བཅར་ཅུའུ་ཀྲང་དང་། ཕུལ་བྱུང་འཕྲིན་བཅར་ལས་དོན་མི་སྣ། ཕུལ་བྱུང་སྣེ་ལེན་པ། ཕུལ་བྱུང་ལྟ་སྐུལ་བ། ཕུལ་བྱུང་འཕྲིན་བཅར་དང་ལེན་པ་བཅས་ཀྱི་མཚན་སྙན་གནང་བ་མ་ཟད། འཕྲིན་བཅར་བྱ་བ་བསྒྲུབས་ནས་ལོ་ཉེར་ལྔ་ཡན་འགོར་མཁན་ལ་གཟི་བརྗིད་དཔང་ཡིག་གནང་།
རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་བའི་མ་ཁེ་ཡིས་སྤྱི་སྡོམ་གཏམ་བཤད་སྤེལ། ཁོས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། འཕྲིན་བཅར་བྱ་བའི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་བཟང་བོར་བཏོན་ནས། མི་དམངས་མང་ཚོགས་ལ་བརྩེ་བ་ཆེན་པོ་བཅངས་ཏེ་མགོ་ཁྲིད་ལས་བྱེད་པས་ཞུ་གཏུག་དང་ལེན་བྱེད་པ་དང་། རྩོད་པ་འདུམ་འགྲིག་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་ནས་དོན་དངོས་ཐོག་གཞི་རིམ་ནས་གནད་དོན་ཐག་གཅོད་པ་དང་། འགལ་བ་དེ་འགལ་བ་བྱུང་ས་ནས་མེད་པར་བཟོ་དགོས། ཤུགས་ཆེན་པོས་འཕྲིན་བཅར་སྒྲིག་འཛུགས་མ་ལག་གསར་སྤེལ་བྱས་ནས་འཕྲིན་བཅར་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མུ་མཐུད་དུ་འཕྲིན་བཅར་བྱ་བའི་རྣམ་པ་གསར་གསར་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10