མཚོ་མོ་སྐྱིད། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-07-11
ཚེས་དགུ་ཉིན་གྱི་སྔ་དྲོར། ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དྲན་གསོ་ཚོགས་ཆེན་རྟེན་མཛོད་ཁང་འདི་རུ་གཟབ་རྒྱས་ངང་ཚོགས་ཤིང་། ལིས་ཁྲང་ཁྲོན་ཚོགས་ཆེན་ལ་ཞུགས་པ་མ་ཟད་རིག་གཞུང་གྲུབ་འབྲས་དང་བྱས་རྗེས་འབུར་ཐོན་བྱ་དགའ་འཐོབ་པའི་རིག་དངོས་རྟེན་མཛོད་ལས་རིགས་ཀྱི་ཆེད་མཁས་པ་བཞི་ལ་བྱ་དགའ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཡུན་ཧྲན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་དྲན་གསོ་ཚོགས་ཆེན་ལ་ཞུགས། ལིག་ཡུན་ཧྲན་གྱིས་ཚོགས་འདུའི་སྟེང་གཏམ་བཤད་སྐབས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྟེན་འབྲེལ་གློག་འཕྲིན་སྟེང་བཏོན་པའི་བླང་བྱ་ལྟར། ཤེས་ལྡན་མི་སྣ་དང་རིག་དངོས། བྱེད་སྒོ། རིག་གཞུང་བཅས་ལ་བརྟེན་ནས་རྟེན་མཛོད་ཁང་གོང་འཕེལ་དུ་བཏང་ནས་ཧུར་ཐག་སྒོས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་འཛམ་གླིང་གི་རྟེན་མཛོད་ཁང་མཆོག་གྲས་སུ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་དང་རིག་དངོས་ལས་རིགས་ཀྱིས་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྔོན་ཐོན་རིག་གནས་དར་སྤེལ་བྱེད་པའི་འགན་འཁྲི་གཙོ་བོ་ཐོག་མཐའ་བར་གསུམ་དུ་སེམས་སུ་དམ་པོར་འཛིན་དགོས་ཤིང་། ཕུན་སུམ་ཚོགས་ལ་རྫོངས་མཐུག་པའི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་བརྩི་མཐོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གསར་གཏོད་ལ་བརྩི་མཐོང་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་རིན་ཐང་བཟང་བོ་དར་སྤེལ་ཆེན་པོ་བཏང་ནས་ང་ཚོས་ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པའི་བསམ་བློའི་ཉིང་བཅུད་དུ་བསྒྱུར་དགོས། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་རིག་གནས་དགོས་མཁོ་བསྐོང་བའི་གཞི་རྩའི་འགན་འཁྲི་ངེས་པ་དོན་གྱིས་ལག་ལེན་བཟང་བོ་བྱེད་པ་དང་། ཞབས་ཞུ་ཚད་ལྡན་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་ནུས་པ་རྒྱ་བསྐྱེད་དེ་ཆེད་ལས་རང་བཞིན་དང་ཤེས་བྱ་རང་བཞིན། ཉིང་བཅུད་རང་བཞིན་བཅས་ཟུང་འབྲེལ་དམ་པོ་བྱས་ནས་ལོ་རྒྱུས་ཤེས་བྱ་སྔར་ལས་བཟང་པོའི་སྒོ་ནས་ཁྱབ་གདལ་དུ་གཏོང་བ་དང་། ཕུལ་བྱུང་རིག་གནས་ཁྱབ་སྤེལ་བྱས་ཏེ་རྟེན་མཛོད་ཁང་གི་རིག་གནས་ཁྱབ་སྤེལ་དང་སྤྱི་ཚོགས་ལ་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་བྱེད་པ་དང་གསར་གཏོད་བྱེད་ཕོད་པའི་བརྩོན་སེམས་དང་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཤིང་། ཧུར་ཐག་སྒོས་ནང་དོན་འགྲེམ་སྟོན་དང་དོ་དམ་འཁོར་སྐྱོད་ཚོང་གཉེར་བྱེད་ཐབས་མྱུར་དུ་གསར་སྐྲུན་བྱས་ཏེ། གཟུགས་སུ་བཀོད་པ་དང་བྱེ་བྲག་མངོན་སུམ་གྱི་འགྲེམ་སྟོན་བྱེད་སྟངས་མང་དུ་བཀོལ་ནས་ཕན་ཚུན་ནུས་པ་ཐོན་པ་དང་མྱོང་བ་སྦྱིན་པའི་བྱ་འགུལ་ལས་གཞི་མང་དུ་སྤེལ་ཏེ། རིག་དངོས་འགྲེམ་སྟོན་གྱི་འགུག་ཤུགས་ཇེ་ཆེར་གཏོང་དགོས། ནང་འདྲེན་དང་ཕྱིར་སྤེལ་ཟུང་འབྲེལ་བྱས་ནས་ཐབས་ལམ་དང་རྣམ་པ་མང་བའི་ཕྱི་ཕྱོགས་རིག་གནས་བརྗེ་རེས་དང་མཉམ་ལས་སྤེལ་ཏེ། རིག་གནས་ཀྱི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས་འཛམ་གླིང་གིས་ཀྲུང་གོར་སྔར་ལས་ལྷག་པར་རྒྱུས་ལོན་བྱེད་པ་དང་། ཀྲུང་གོས་འཛམ་གླིང་ལ་སྔར་ལས་བཟང་པོའི་སྒོ་ནས་རྒྱུས་ལོན་བྱེད་དུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་སྐྱེད་སྲིང་ཇེ་དྲག་ཏུ་བཏང་སྟེ་ཧུར་ཐག་གིས་རང་རྒྱལ་གྱི་རིག་དངོས་ལས་དོན་འཕེལ་རྒྱས་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།རིག་གནས་པུའུ་ཡི་པུའུ་ཀྲང་ཚའེ་ཝུའུ་ཡིས་དྲན་གསོ་ཚོགས་ཆེན་ལ་མགོ་འཛིན་མཛད། ཚོགས་ཐོག་ཏུ་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གི་མགོ་གཙོ་ལུས་ཀྲང་ཧྲིན་དང་ཆེད་མཁས་པའི་འཐུས་མི་སུན་ཅི། དབྱིན་ཇི་རྒྱལ་བཙུགས་ཝེ་ཏོ་ལེ་ཡ་དང་ཨད་པོ་ཐི་རྟེན་མཛོད་ཁང་གི་མགོ་གཙོ་མཱ་ཏིན.ལོ་ཐི་སོགས་ཀྱིས་གཏམ་བཤད་གནང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་། པེ་ཅིན་གྱི་རིག་དངོས་ལས་རིགས་དང་སྒྱུ་རྩལ་ལས་རིགས་ཀྱི་ཆེད་མཁས་པ་དང་ཕྱི་རྒྱལ་གྱི་རྟེན་མཛོད་ཁང་གི་མགོ་གཙོའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།དྲན་གསོ་ཚོགས་ཆེན་གྱི་སྔོན་ལ། ལིས་ཁྲང་ཁྲོན་གྱིས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་གི་ལོ་བརྒྱའི་ལོ་རྒྱུས་མདོར་བསྡུས་དང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས།ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་ནི་གཅིག་དགུ་གཅིག་གཉིས་ལོའི་ཟླ་བདུན་པར་འཛུགས་མགོ་བརྩམས་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་ཤར་ཕྱོགས་ནས་ཀྲུང་གོ་ལོ་རྒྱུས་རྟེན་མཛོད་ཁང་དང་ཀྲུང་གོ་གསར་བརྗེ་རྟེན་མཛོད་ཁང་འཛུགས་སྐྲུན་བྱས་ཤིང་། 2003ལོའི་ཟླ་གཉིས་པར་གཉིས་ཀ་མཉམ་བསྲེས་བྱས་ནས་ཀྲུང་གོ་རྒྱལ་ཁབ་རྟེན་མཛོད་ཁང་སྒྲིག་འཛུགས་བྱས། 2012ལོའི་ཟླ་གསུམ་པར་བསྒྱུར་བཅོས་རྒྱ་བསྐྱེད་བྱས་རྗེས་ཡང་བསྐྱར་ཕྱི་ལ་སྒོ་ཕྱེས་ཤིང་། ད་ལྟ་རིག་དངོས་ས་ཡ་གཅིག་འབུམ་གཉིས་ལྷག་ཡོད་ལ། མིག་སྔར་འཛམ་གླིང་གི་བཟོ་བཀོད་རྒྱ་ཁྱོན་ཆེས་ཆེ་བའི་རྟེན་མཛོད་ཁང་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10