མཚོ་མོ་སྐྱིད། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-07-09
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བདུན་ཉིན་ཅང་སུའུ་ཞིང་ཆེན་ཁྲང་ཀྲིག་གྲོང་ཁྱེར་དུ་རྟོག་ཞིབ་མཛད་བཞིན་པ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས་བདུན་ཉིན་ཅང་སུའུ་ཞིང་ཆེན་ཁྲང་ཀྲིག་གྲོང་ཁྱེར་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། མིག་སྔར་ས་ཁང་བདག་ཁོངས་ཀྱི་ཚོང་རའི་ཚོད་འཛིན་སྙོམས་སྒྲིག་སྔར་གཞིན་གནད་འགག་གི་དུས་སྐབས་སུ་ཡོད་པ་དང་། ཚོད་འཛིན་སྙོམས་སྒྲིག་གི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཚོད་འཛིན་ལེགས་སྒྲིག་བྱ་བ་ལེགས་པོར་སྒྲུབ་སྟེ་ས་ཁང་བདག་ཁོངས་ཀྱི་སྐབས་བསྟུན་མ་རྩ་འཇོག་པའི་དགོས་མཁོར་ཚོད་འཛིན་བྱེད་པ་དེ་ཡུན་རིང་གི་སྲིད་ཇུས་སུ་བསྒྱུར་དགོས་ཟེར།
ཚེས་བདུན་ཉིན་གྱི་སྔ་དྲོར། ཝུན་ཅ་པའོ་ཁྲང་ཀྲིག་གྲོང་ཁྱེར་ཧྥེ་ལུང་ཞིན་ཡོན་འདུས་སྡེ་ལ་ཕེབས་ཏེ་སྡོད་དམངས་དག་ལ་བསྐོར་བརྒྱབ་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་དོ་དམ། སྤུས་ཚད་ལྟ་སྐུལ་སོགས་ལས་ཁུངས་ཀྱི་འགན་འཁུར་པར་བཞུགས་མོལ་གནང་། ཝུན་ཅ་པའོ་ཡིས་གསུངས་རྒྱུར། ལོ་མང་པོའི་རིང་ལ་འབད་བརྩོན་བྱས་མཐར་ས་ཁང་བདག་ཁོངས་ཀྱི་ཚོང་རའི་ཚོད་འཛིན་སྙོམས་སྒྲིག་ལ་གྲུབ་འབྲས་ངེས་ཅན་འཐོབ་པ་དང་། དོ་སྣང་བྱེད་འོས་པ་ནི་དུས་ཚིགས་གཉིས་པར་རྒྱལ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་བྱས་པའི་གྲོང་ཁྱེར་གཙོ་བོའི་ས་གོང་ཐེངས་སྔོན་མའི་བསྡོམས་རྩིས་དང་བསྡུར་ན་ཅུང་འཕར་ཡོད་ལ། ཟླ་དྲུག་པའི་ནང་གྲོང་ཁྱེར་འགའ་ཡི་གསར་དུ་ལས་པའི་སྡོད་ཁང་གི་རིན་གོང་ཐེངས་སྔོན་མའི་བསྡོམས་རྩིས་ལས་འཕར་ཞིང་། མིག་སྔར་ས་ཁང་བདག་ཁོངས་ཀྱི་ཚོང་རའི་གནས་ཚུལ་ཅུང་རྙོག་འཛིང་ཡིན་ལ། ཚོང་རའི་ཁང་བའི་རིན་གོང་འགྲོ་ཕྱོགས་སྔོན་དཔག་ལས་འགྱུར་ཏེ་མང་ཚོགས་ཀྱིས་ཁང་བའི་རིན་གོང་འཕར་བར་སེམས་ཁུར་བྱེད་ཀྱིན་ཡོད་ཟེར།
ཝུན་ཅ་པའོ་ཡིས་ནན་གྱིས་བསྟན་དོན། ཚོད་འཛིན་སྙོམས་སྒྲིག་བྱ་བ་ལེགས་པོར་སྒྲུབ་ན་གཤམ་གྱི་ཕྱོགས་འགའ་འཛིན་དགོས་ཏེ། གཅིག་ནས་སྐབས་བསྟུན་མ་རྩ་འཇོག་པའི་དགོས་མཁོར་མུ་མཐུད་དུ་ཚོད་འཛིན་བརྟན་པོ་བྱས་ནས་ངོ་བོ་འགྱུར་བའི་ཁང་ཉོ་སྲིད་ཇུས་ལྷོད་གཡེང་དུ་གཏོང་བར་བཀག་འགོག་བྱས་ཏེ་ངོ་མ་མིན་པའི་གནས་ཚུལ་སྤེལ་བ་འགོག་དགོས་ཤིང་། ས་ཁང་བདག་ཁོངས་ཀྱི་སྐབས་བསྟུན་མ་རྩ་འཇོག་པའི་དགོས་མཁོར་ཚོད་འཛིན་བྱེད་པ་ཡུན་རིང་གི་སྲིད་ཇུས་སུ་བསྒྱུར་ཏེ། ཁྱད་པར་ཅན་གྱི་སྡོད་ཁང་གི་ཡིད་རྟོན་དངུལ་བུན་དང་ཁྲལ་བསྡུ་སྲིད་ཇུས་དང་སྡོད་ཁང་ཚད་བཀག་ཉོ་སྒྲུབ་བྱེད་ཐབས་ནན་ཏན་གྱིས་ལག་བསྟར་བྱས་ནས་ཚོང་རའི་ལྟ་སྲུང་དོ་དམ་ཇེ་དམ་དུ་བཏང་སྟེ། ཁང་བ་ཉོ་བའི་ཐོབ་ཐང་ཁྲིམས་འགལ་གྱིས་གཡོ་ལེན་བྱེད་པའི་གསར་སྤེལ་ཁེ་ལས་དང་མཚམས་སྦྱོར་ལས་ཁུངས། མི་སྒེར་བཅས་ལ་གཟབ་ནན་གྱིས་རྩད་ཞིབ་ཐག་གཅོད་བྱེད་དགོས། ས་གནས་ནས་བཏོན་པའམ་ཡང་ན་ངོ་བོ་འགྱུར་བའི་ས་ཁང་བདག་ཁོངས་ཚོང་རའི་ཚོད་འཛིན་ལྷོད་གཡེང་དུ་བཏང་བའི་སྲིད་ཇུས་ལ་དམིགས་ས་ཡོད་པའི་སྒོ་ནས་མྱུར་དུ་བཀག་འགོག་དང་ཡོ་བསྲང་བྱེད་དགོས། དུས་མཉམ་དུ་ས་ཁང་བདག་ཁོངས་ཀྱི་ཁྲལ་བསྡུ་ལམ་ལུགས་བཅོས་བསྒྱུར་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ། མྱུར་དུ་ས་ཁང་བདག་ཁོངས་ཀྱི་ཚོང་རའི་ཚོད་འཛིན་གྱི་ཡུན་ཕན་ལམ་ལུགས་དང་སྲིད་ཇུས་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། གཡོ་བ་མེད་པར་ས་ཁང་བདག་ཁོངས་ཀྱི་ཚོང་རའི་ཚོད་འཛིན་བྱ་བ་སོ་སོར་སྐུལ་འདེད་བཏང་ནས་ཁང་བའི་རིན་གོང་འོས་འཚམ་དུ་འགྱུར་བར་ཡར་སྐུལ་བྱས་ཏེ། ཁང་བའི་རིན་གོང་འཕར་དུ་འཇུག་མི་རུང་། གཉིས་ནས་ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་ནས་ས་ཁང་བདག་ཁོངས་ཁེ་ལས་ཀྱིས་ཐོན་རྫས་སྒྲིག་གཞི་ལེགས་སྒྲིག་བྱེད་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་ཚོང་རྫས་ཁང་བ་དཀྱུས་མ་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་བཏང་སྟེ་ལུགས་མཐུན་གྱི་སྡོད་ཁང་གི་རེ་བ་བསྐོང་དགོས། གསུམ་ནས་འགན་སྲུང་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བརྟན་འཇགས་ངང་སྤེལ་ནས་མྱུར་དུ་ཕན་ནུས་ལྡན་པའི་མཁོ་འདོན་བྱེད་དགོས། ད་ལོའི་ལོ་སྟོད་ལ་འགན་སྲུང་སྡོད་ཁང་ས་ཡ་བཞི་འབུམ་བདུན་ལས་མགོ་བརྩམས་པ་དང་། ཁང་བ་ས་ཡ་གཉིས་འབུམ་དྲུག་ཕལ་ཆེར་ལེགས་འགྲུབ་བྱུང་སྟེ་འབྲེལ་ཡོད་བྱ་བ་བརྟན་འཇགས་ངང་སྒྲུབ་ཀྱིན་ཡོད། ས་ཁུལ་སོ་སོས་མ་དངུལ་འཚོལ་བའི་ལམ་བུ་རྒྱ་བསྐྱེད་དེ་ས་སྤྱོད་པར་ཞིབ་མཆན་གནང་བ་དང་མཁོ་འདོན་བྱས་ནས་སྣ་མང་དངུལ་གཏོང་འཛུགས་སྐྲུན་ནང་དུ་ཞུགས་ཏེ་ལས་མགོ་ཚུགས་པ་དང་འཛུགས་སྐྲུན་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་དགོས། བཟོ་སྐྲུན་སྤུས་ཚད་ལ་མཐོང་ཆེན་བྱས་ནས་མང་ཚོགས་བདེ་འཇགས་ཀྱི་ཁང་བར་སྡོད་དུ་འཇུག་དགོས། འགན་སྲུང་སྡོད་ཁང་གི་སྒྲིག་བཀོད་ཆ་ཚང་འཐུས་ཚང་དུ་གཏོང་བར་དོ་སྣང་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་དང་བྱ་བར་སྟབས་བདེ་བཟོ་དགོས་ཤིང་། སྤྱི་བའི་གླ་ཁང་གི་གླ་དངུལ་འོས་འཚམ་གཏན་ཁེལ་བྱེད་དགོས་ལ། ལྷག་པར་དུ་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་གྱི་རྒྱུན་མཐུད་རང་བཞིན་ལ་དོ་སྣང་བྱས་ནས་འགན་སྲུང་ཅན་གྱི་སྡོད་ཁང་འཛུགས་སྐྲུན་དང་བགོ་བཤའ་རྒྱག་པ། དོ་དམ་བྱེད་པ། ཕྱིར་སློག་པ་སོགས་ལམ་ལུགས་མྱུར་དུ་འཐུས་ཚང་དུ་གཏོང་དགོས།
རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་པའི་མཱ་ཁའེ་རྟོག་ཞིབ་དང་བཞུགས་མོལ་ལ་ཞུགས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10