ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས་ཤིང་གྲོས་གཞི་བཏོན།
(གངས་སྐྱིད་ཀྱིས་བསྒྱུར།) 2012-06-28
ཞིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོའི་སི་ལོའུ་སི་ཁ་ཨའོ་སི་ནས་ཟླ་བ6པའི་ཚེས19ཉིན་འབྱོར་བའི་གཏམ་གསར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐེངས་བདུན་པ་དེ་ཚེས19ཉིན་མོ་ཞི་ཁོའི་སི་ལོའུ་སི་ཁ་ཨའོ་སིར་འཚོགས་ཏེ་རྒྱལ་སྤྱིའི་དངུལ་རྩ་མ་ལག་ལ་ཤུགས་སྣོན་རྒྱག་རྒྱུ་དང་། འཕེལ་རྒྱས། ཉོ་འཚོང་སོགས་ཀྱི་གནད་དོན་སྐོར་གྲོས་བསྡུར་བྱས་ཡོད། འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་ཆེན་པོ་དང་། རྒྱུན་མཐུད། དོ་སྙོམས་བཅས་ཀྱི་སྒོས་འཕར་སྣོན་ཡོང་བའི་དམིགས་ཡུལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚོགས་ཐོག་གྲོས་གཞི་བཞི་བཏོན་ཡོད་པ་སྟེ།
གཅིག་ནི་གཞི་སྒྲོམ་གྱི་ནང་རྐྱེན་འཐུས་སྒོ་ཚང་ཏུ་བཏང་ནས་མཉམ་ལས་ཀྱིས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ།
གཉིས་ནི་སྒོ་འབྱེད་དེ་ཉོ་འཚོང་བྱེད་པར་དར་སྤེལ་བཏང་ནས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ།
གསུམ་ནི་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ།
བཞི་ནི་འཕེལ་རྒྱས་གཏོང་རིམ་གི་ཧེ་བག་ཆུང་དུ་བཏང་ནས་གོང་འཕེལ་དོ་སྙོམས་ཡོང་བར་སྐུལ་འདེད་གཏང་རྒྱུ་བཅས་སོ།
ཧུའུ་ཅིན་ཐའོ་ཡིས་ཚོགས་ཐོག་བསྟན་དོན། ཀྲུང་གོ་འཕེལ་རྒྱས་གཏོང་བ་ནི་འཛིམ་གླིང་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་ཡིན་པ།བཅོས་བསྒྱུར་སྒོ་འབྱེད་བྱེད་པ་ནས་བཟུང་། ཀྲུང་གོ་མི་དམངས་ཀྱིས་དཀའ་ངལ་ཆད་སེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་བལྟོས་མེད་ཀྱི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཉིས་ལྷག་པ་ཉུང་དུ་བཏང་ཡོད་ཅིང་། མི་གྲངས་དུང་ཕྱུར13གྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་བཅད་དེ་སྒོ་ཀུན་ནས་འབྱོར་འབྲིང་གཉིས་ལྡན་གྱི་སྤྱི་ཚོགས་བསྐྲུན་པ་དང་སྐྲུན་བཞིན་པ། དེ་དང་དུས་མཚུངས་སུ། ཀྲུང་གོས་དེ་མིན་གྱི་འཕེལ་རྒྱས་གཏོང་བཞིན་པའི་རྒྱལ་ཁབ་ལ་བླ་བསམ་རྣམ་དག་གི་རོགས་སྐྱོར་བྱས་ཡོད་ཅིང་། ཧུར་ཐག་གིས་འཕེལ་རྒྱས་གཏོང་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་བྱེད་པར་སྐུལ་འདེད་བཏང་ནས་འཛམ་གླིང་གི་འཕེལ་རྒྱས་གཏོང་བར་བྱས་རྗེས་འཇོག་གང་ཐུབ་བྱས་ཡོད། ཀྲུང་གོས་ཕྱིན་ཆད་ལོ5རིང་གི་འཕེལ་རྒྱས་གཏོང་རྒྱུའི་སྤྱི་ཁོག་གི་བྱེད་ཕྱོགས་དང་འཐབ་ཇུས་ཀྱི་ལས་འགན་གཏན་ཁེལ་བྱས་ཡོད། ང་ཚོས་ཚན་རིག་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དེ་བརྗོད་བྱ་གཙོ་བོ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཕོ་འགྱུར་མགྱོ གས་པོ་བྱེད་པ་དེ་གཙོ་གནད་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏང་རྒྱུ་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ། དཔལ་འབྱོར་ཡུན་རིང་དང་བརྟན་བརླིང་མགྱོགས་ཙམ་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱ་རྒྱུ་ཡིན་པ།
ཧུའུ་ཅིན་ཐའོ་ཡིས་རྟིང་མར་རང་རེར་ལྡབ་བརྒྱའི་སྙིང་སྟོབས་དང་བློ་གྲོས་བརྒྱ་གྱུར། ལག་གདང་དཔུང་སྦྲེལ། མཐུན་སྒྲིལ་མདུན་སྐྱོད་བྱས་ཏེ་ཐུན་མོང་དུ་འཛམ་གླིང་ཡོངས་སྒོ་ཀུན་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུ་དང་། ཐུན་མོང་དུ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད་པ།
ཡང་གནས་ཚུལ་འབྱོར་གསལ། དུས་ཡུན་གཉིས་ཉིན་གྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཁྲིད་པའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཐེངས་བདུན་པ་ཚེས19ཉིན་གྱི་ཕྱི་དྲོར་མོ་ཞི་ཁོའི་སི་ལོའུ་སི་ཁ་ཨའོ་སིར་མཇུག་བསྒྲིལ།ཚོགས་ཞུགས་དབུ་ཁྲིད་པ་ཚོས་འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་དང་། རྒྱལ་སྤྱིའི་དངུལ་རྩ་མ་ལག་དང་ལས་ཞུགས།འཕེལ་རྒྱས། ཉོ་འཚོང་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་དོན་སྐོར་གྲོས་བསྡུར་བྱས་ཡོད་ཅིང་། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་། དངུལ་རྩ་བརྟན་བརླིང་དང་ལས་ཞུགས་བྱེད་ས་རྒྱ་བསྐྱེད་གཏོང་བར་སྐུལ་འདེད་གཏོང་ཆེད་ཀྱི《ལོའུ་སི་ཁ་ཨའོ་སིའི་འཕར་སྣོན་དང་ལས་ཞུགས་ཀྱི་འཆར་གཞི》གྲོས་འཆམས་བྱུང་ཡོད་པ་མ་ཟད།ད་དུང་སྔོན་རྗེས་སུ《རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལོའུ་སི་ཁ་ཨའོ་སིའི་རིམ་པ་མཐོ་ཤོས་ཀྱི་གྲོས་ཚོགས་ཞུགས་པའི་དབུ་ཁྲིད་པའི་བསྒྲགས་གཏམ》སྤེལ་ཡོད།