ཧུའུ་ཅིན་ཐའོ་ཡིས་འཇར་མན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།

ཚེ་དབང་རྣམ་རྒྱལ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-06-21

ཧུའུ་ཅིན་ཐའོ་ཡིས་འཇར་མན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས18ཉིན་ལའོ་སི་ཁ་ཝོ་སི་ནས་འཇར་མན་གྱི་ཙུང་ལི་མོ་ཁི་ཨར་ལ་མཇལ་འཕྲད་གནང་།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས18ཉིན་ལའོ་སི་ཁ་ཝོ་སི་ནས་འཇར་མན་གྱི་ཙུང་ལི་མོ་ཁི་ཨར་ལ་མཇལ་འཕྲད་གནང་།

    ཧུའུ་ཅིན་ཐའོ་ཡིས་བསྟན་དོན། དེང་འདིར་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་གོང་དུ་འཕེལ་བའི་རྣམ་པ་བཟང་བོ་བྱུང་་ཡོད་ལ་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་བཟང་ཇེ་ཟབ་ཏུ་སོང་བར་ཤིན་ཏུ་དགའ་ཡོད། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་ལ་འཛམ་གླིང་དཔལ་འབྱོར་འགྲན་རྩོད་དང་འཕྲད་པའི་གནས་ཚུལ་འོག་ཀྲུང་གོ་དང་འཇར་མན་གྱིས་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་ཆེ་དང་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་གོང་དུ་སྤེལ་བར་ཕན་པ་མ་ཟད་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་གྱི་མཉམ་ལས་དང་འཛམ་གླིང་དཔལ་འབྱོར་བརྟན་བརླིང་ངང་བསྐྱར་དར་འབྱུང་བར་ཕན་པ་ཡོད། ཕྱོགས་གཉིས་ཀས་མཐོ་རིམ་མགོ་ཁྲིད་གྱི་འགྲོ་འོང་དང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ་ཉོ་ཚོང་དང་དངུལ་གཏོང་། དངུལ་ལོར། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་རབས་དང་རིམ་པ་བྱས་ཏེ་ཁེ་ལས་དང་ས་གནས་མཉམ་ལས་བྱེད་པར་ཤུགས་སྣོན་དང་མཉམ་ལས་ཆུ་ཚད་ཇེ་མཐོར་བཏང་ཞིང་། མི་ཚུལ་བརྗེ་རེས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་གོང་དུ་སྤེལ་དགོས་ཟེར།

    མོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་འབྲེལ་བ་ཟབ་ལ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། འཇར་མན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་ཇེ་ཟབ་ཏུ་སོང་བར་དགའ་ཡོད། ད་ལོར་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་སྐོར་གསར་བའི་གྲོས་མོལ་བྱས་ཏེ་ཕན་ཚུན་ལ་མ་དངུལ་གཏོང་བ་དང་ཁེ་ལས་མཉམ་ལས་བྱེད་པར་ཡར་སྐུལ་དང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ40ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དང་འཇར་མན་གྱིས་སྤེལ་རྒྱུ་ཡིན་པའི་ཀྲུང་གོའི་རིག་གནས་གཟའ་འཁོར་བྱ་འགུལ་ལེགས་པོར་སྤེལ་ནས་འཇར་མན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་བཟང་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

    མོ་ཁི་ཨར་གྱིས་ཡོ་རོབ་གླིང་གི་དཔལ་འབྱོར་དང་དངུལ་ལོར་གནས་བབ་ཀྱི་གནས་ཚུལ་གསར་བ་དང་དེ་ལ་ཁ་གཏད་འཇལ་བའི་བྱེད་ཐབས་མཚམས་སྦྱོར་བྱས་པར་གསན་རྗེས། ཧུའུ་ཅིན་ཐའོ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དང་ཡོ་སྒོར་གཏན་འཇགས་ཡོང་བར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་པ་ཡིན་ལ། མཐུན་སྒྲིལ་དང་གཏན་འཇགས། དར་རྒྱས་ཀྱི་ཡོ་རོབ་གླིང་ཞིག་ནི་འཛམ་གླིང་དཔལ་འབྱོར་གྱི་ཁེ་ཕན་ལ་མཐུན་ཞིང་ཀྲུང་གོའི་ཁེ་ཕན་ལ་ཡང་མཐུན། ཡོ་རོབ་གླིང་ལ་དཀའ་ཁག་ཁྱད་བསལ་དང་དཔལ་འབྱོར་གཏན་འཇགས་དང་གོང་དུ་སྤེལ་བའི་བློ་རིག་དང་ནུས་པ་ལྡན་པར་ཡིད་ཆེས་ཡོད། ཡོ་རོབ་དངུལ་བུན་ཉམས་ཉེན་བྱུང་རྗེས་ཀྲུང་གོས་རྣམ་པ་མང་བོ་བརྒྱུད་ནས་ནུས་ཡོད་ཀྱིས་རོགས་རམ་བྱས་ལ། ཀྲུང་གོས་མུ་མཐུད་ནས་ཡོ་རོབ་གཏན་འཇགས་དང་དཔལ་འབྱོར་བསྐྱར་དར། དཔལ་འབྱོར་འཕར་གནས་གཏན་འཇགས་ཡོང་བར་འབད་པ་བྱ་རྒྱུ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཡོ་རོབ་དངུལ་བུན་གནད་དོན་སེལ་བའི་ཁྲོད་ཞུགས་རྒྱུ་ཡིན་ཟེར། ཧུའུ་ཅིན་ཐའོ་ཡིས་ད་རུང་དེང་སྐབས་ཀྱི་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་གནས་ཚུལ་མཚམས་སྦྱོར་གནང་།

    མོ་ཁི་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱིས་ཀྲུང་གོས་ཡོ་རོབ་གླིང་ལ་ཡིད་ཆེས་བྱས་པ་དང་ཡོ་རོབ་ཀྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་མི་མཐུད་ནས་བརྟན་བརླིང་དང་ཅུང་མགྱོགས་པོས་གོང་དུ་འཕེལ་བ་ནི་འཛམ་གླིང་དཔལ་འབྱོར་བསྐྱར་དར་ལ་བྱས་རྗེས་གལ་ཆེན་ཞིག་བཞག་པ་རེད་ཟེར། །

 

  • ལེ་ཚན་སྔོན་མ།:བོད་ལྗོངས་མངའ་རིས་སུ་རྒྱ་གར་གྱི་གནས་མཇལ་བ་འབྱོར་བ།
  • ལེ་ཚན་རྗེས་མ།:ཅ་ཆིན་ལིན་གྱིས་ནགས་ལས་ཆེད་དོན་འགྲེམ་སྟོན་ལ་གཟིགས།
  • དོ་སྣང་ཆེ་བའི་རྩོམ།