མཚོ་སྔོན་པོ་དྲ་བ། 2012-06-18
《བོད་ཀྱི་རྩོམ་རིག་ལོ་རྒྱུས》ཀྱི་དུས་དེབ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་། མཚོ་སྔོན་གེ་སར་ཞིབ་འཇུག་ཁང་། རྒྱལ་ཁབ་ཡིག་བསྒྱུར་ལྟེ་གནས་བཅས་པའི་ལས་ཁུངས་ཀྱི་རིག་གནས་པ་བདུན་གྱིས་ལྷན་དུ་རྩོམ་སྒྲིག་གནང་བའི་འབྲས་བུ་ཞིག་ཡིན་ལ། ནང་དོན་གྱི་ཆ་ནས་ཐོག་མར་བོད་ཀྱི་གནའ་རབས་རྩོམ་རིག(གནའ་རབས་ནས་སྤྱི་ལོ་དྲུག་བརྒྱ་བཅུ་བདུན་ལོའི་བར)དང་། དེ་ནས་བཙན་པོའི་སྐབས་ཀྱི་རྩོམ་རིག མཐར་བོད་སིལ་བུར་ཐོར་བའི་དུས་ནས་ས་སྐྱ་བའི་བར་གྱི་རྩོམ་རིག་བཅས་ཀྱི་དབྱེ་བ་ཕྱེ་ཞིང་། དེ་ལ་གཙོ་བོའང་དུས་རབས་དེ་དག་གི་རྩོམ་ཡིག་ངོ་སྤྲོད་ཀྱིས་ཚུལ་ལས་ད་དུང་རྩོམ་རིག་ལོ་རྒྱུས་ཀྱི་བྱུང་བ་དང་དེ་འཕེལ་བའི་ཚུལ་ཅུང་རྒྱས་པར་འཁོད་པ་ཞིག་ཏུ་ལེགས་ལ། སྤྱིར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་ཐད་ནས་སྨྲོས་ཀྱང་མིག་སྔར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་སྒྲིག་རྩོམ་གནང་ཞིང་། སྤྱི་ལོ1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་རྒྱ་ཡིག་གི《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་། དེ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཝང་དབྱི་ནོན་དང་ཐང་ཅིན་ཧྥུ་གཉིས་ཀྱིས་སྒྲིག་རྩོམ་གནང་ཞིང་། སྤྱི་ལོ1988ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་རྒྱ་ཡིག་གི《བོད་ཀྱིོ་རྩོམ་རིག་ལོ་རྒྱུས》ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔའ་རྩེ་དང་གཙོས་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་སྒྲིག་རྩོམ་གནང་ཞིང་། སྤྱི་ལོ1988ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་བོད་ཡིག་གི《བོད་ཀྱི་རྩོམ་རིག་ལོ་རྒྱུས》མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཐུན་ཅིན་ཧྭ་སོགས་ཀྱིས་སྒྲིག་རྩོམ་གནང་བའི་རྒྱ་ཡིག་གི《བོད་ཀྱི་རྩོམ་རིག་ལོ་རྒྱུས》དེ་ཉིད་གཙོ་གཞིར་བཟུང་ནས་སྒྲིག་རྩོམ་གནང་ཞིང་། སྤྱི་ལོ2002ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་བོད་ཡིག་གི《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》བཅས་བོད་ལ་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་བཞིི་ཙམ་ལས་མེད་ལ། གྲངས་ཚད་འདིའང་ཕྱི་ནང་གི་སྔོན་ཐོན་མི་རིགས་ཁག་དང་བསྡུར་ཚེ་ད་དུང་དགོས་ངེས་ཀྱི་གལ་ཆེན་རང་བཞིན་ལྡན་པ་ནི་སྨྲས་ཅི་འཚལ། དེར་བརྟེན་རེབ་གོང་རྡོ་རྗེ་མཁར་སོགས་ཀྱིས་སྒྲིག་རྩོམ་གནང་བའི《བོད་ཀྱི་རྩོམ་རིག་ལོ་རྒྱུས》འདིའང་བོད་ཀྱི་གནའ་རབས་རྩོམ་རིག་ནས་ས་སྐྱ་བའི་བར་གྱི་རྩོམ་རིག་མ་གཏོགས་དུས་རབས་ཧྲིལ་བོའི་རྩོམ་རིག་ལོ་རྒྱུས་ཆ་ཚང་བར་འཁོད་པ་ཞིག་མ་ལགས་མོད། འོན་ཀྱང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་བསྟན་བཅོས་ཀྱི་གྲངས་ཚད་དམ་ནང་དོན་བཅས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཁ་སྐོང་དང་ཕུན་སུམ་ཚོགས་པར་གནང་བ་ཞིག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10