ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-06-18
ལྷ་གྲུ་དགུ་བ་རྟགས་ཅན་ནམ་མཁའི་ཕོ་བྲང་ཕྱོགས་སུ་བསྐྱོད་པ་དང་མི་སྡོད་མཁའ་སྐྱོད་ཀྱི་ལས་སྒོ་གསར་བའི་མགོ་བརྩམས། པེ་ཅིན་དུས་ཚོད་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། རང་རྒྱལ་གྱི་མི་སྡོད་འབྲེལ་མཐུད་ལས་འགན་དང་པོ་ལག་བསྟར་བྱེད་པའི་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་དེ་ཅིག་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་བར་སྣང་ལ་འཕེན་གཏོང་བྱས་རྗེས། ཡང་དག་པའི་ངང་སྔོག་དཔག་བགྲོད་ལམ་དུ་ཞུགས་པ་དང་། མཁའ་སྐྱོད་པ་གསུམ་པོ་བདེ་བླག་ངང་བར་སྣང་དུ་སྐྱེལ། ཏེན་མག་ཏུ་རྒྱལ་དོན་འཚམས་འདྲི་མཛད་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་འཕྲིན་བཟང་དེ་ཐོས་རྗེས། དུས་ཐོག་དེར་རྟེན་འབྲེལ་གློག་འཕྲིན་སྐུར་ཡོང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་སོགས་ཅིག་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་ཕེབས་ཏེ་འཕེན་གཏོང་ལ་གཟིགས།
ཧུའུ་ཅིན་ཐའོ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་དུ་གསུངས་རྒྱུར། ལྷ་གྲུ་དགུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕེན་གཏོང་ལེགས་འགྲུབ་བྱུང་བ་ཐོས། ངས་ཞིབ་འཇུག་དང་ཚོད་ལྟ་ལ་ཞུགས་མཁན་གྱི་མི་སྣ་ཡོངས་ལ་ལྷག་བསམ་འཁོལ་བའི་རྟེན་འབྲེལ་དང་བརྩེ་བའི་འཚམས་འདྲི་གནང་བ་ཡིན་ཞེས་གསུངས།
ནམ་མཁའི་ཕོ་བྲང་དང་པོ་རྟགས་ཅན་དང་ལྷ་གྲུ་དགུ་བ་རྟགས་ཅན་གྱི་མི་སྡོད་འབྲེལ་མཐུད་ནི་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱི་ཐོལ་བརྒལ་གཙོ་བོ་ཞིག་ཡིན་ལ། བློ་མཐུན་ཚོས་མུ་མཐུད་དུ་མི་སྡོད་མཁའ་སྐྱོད་སྙིང་སྟོབས་དར་སྤེལ་དང་བློ་སེམས་ཞིབ་མོས་རྗེས་མཐུད་བྱ་བ་སོ་སོ་ལེགས་པོར་སྒྲུབ་ནས་མི་སྡོད་འབྲེལ་མཐུད་ལས་འགན་ཐོག་མའི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་ཧུར་ཐག་སྒོས་བརྩོན་ལེན་བྱས་ཏེ། རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཏོན།
ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཅིག་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ཀྱི་མཁའ་སྐྱོད་པའི་ལས་ཤག་ཝུན་ཐིན་ཀི་ཡི་ནང་དུ་རྣམ་པ་གཟབ་རྒྱས་ཡིན་ལ། དུས་ཚོད་གསུམ་དང་སྐར་མ་བཞི་བཅུ་ཡས་མས་སུ། མཁའ་སྐྱོད་པ་བར་སྣང་དུ་བསྐྱོད་པའི་མཛད་སྒོ་ཝུན་ཐིན་ཀི་རུ་སྤེལ། ཝུའུ་པང་གོ་སོགས་མགོ་ཁྲིད་བློ་མཐུན་འདི་རུ་ཕེབས་ནས་ཐེངས་འདིའི་མི་སྡོད་འབྲེལ་མཐུད་ལས་འགན་ལག་བསྟར་བྱེད་པའི་མཁའ་སྐྱོད་པ་ཅིན་ཧའེ་ཕིན་དང་ལིག་ཝང་། རང་རྒྱལ་གྱི་བར་སྣང་ལ་བསྐྱོད་པའི་སྐྱེས་མའི་མཁའ་སྐྱོད་པ་ཐོག་མ་ལིག་ཡང་བཅས་ལ་སྐོར་རྒྱབ། ཝུའུ་པང་གོ་ཡིས་མཁའ་སྐྱོད་པ་ཚོར་གསུངས་རྒྱུར། ཁྱོད་ཚོ་རང་རྒྱལ་གྱི་མི་སྡོད་འབྲེལ་མཐུད་ལས་འགན་ཐོག་མ་ལག་བསྟར་བྱེད་པར་བསྐྱོད་རྒྱུ་ཡིན་ལ། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་ཚབ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་མཛད་དེ། ཁྱོད་ཚོར་སྐྱེལ་མ་བྱས་པ་ཡིན་ལ། ལེགས་འགྲུབ་ཡོང་བར་སྨོན་འདུན་ཞུ། མེས་རྒྱལ་དང་མི་དམངས་ཀྱི་རྒྱབ་རྟེན་བརྟན་པོ་དང་། ཕྱོགས་གང་ཐད་ཀྱི་ཞིབ་ཚགས་གྲ་སྒྲིག དེའི་ཁར་འབྲེལ་མཐུད་ལས་འགན་ཐོག་མའི་རྨང་གཞི་བརྟན་པོ། དེ་མིན་གསོ་སྦྱོང་ནན་མོ་བྱས་པའི་སྤུས་ཚད་མཐོན་པོ་སོགས་ཡོད་པས། ཁྱོད་ཚོས་གཟི་བརྗིད་དང་མཆོག་ཏུ་གྱུར་བའི་ལས་འགན་འདི་ལེགས་འགྲུབ་འབྱུང་ཐུབ་པར་ང་ཡིད་ཆེས་ཡོད། ཁྱོད་ཚོས་ཡིད་ཆེས་བརྟན་པོ་དང་བབ་བརླིང་བརྟན་གསུམ། གཟབ་ནན་ཞིབ་ཚགས། བཀོལ་སྤྱོད་ཞིབ་མོ། དཔའ་མཛངས་འབད་འཐབ་བཅས་བྱས་ནས་ཡང་བསྐྱར་འོད་སྟོང་འབར་བ་བསྐྲུན་པའི་རེ་བ་བཏོན་པ་དང་། མེས་རྒྱལ་དང་མི་དམངས་ཀྱིས་ཁྱོད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་པར་རེ་སྒུག་བྱས་ཡོད་ཟེར།
ཅིན་ཧའེ་ཕིན་གྱིས་མཁའ་སྐྱོད་པ་གསུམ་པོའི་ཚབ་བྱས་ཏེ་ནན་གྱིས་བསྟན་དོན། ང་ཚོས་བཀའ་བརྩིས་ནས་བཀོད་འདོམས་ལ་ཉན་ཏེ་བབ་བརླིང་བརྟན་གསུམ་དང་བཀོལ་སྤྱོད་ཞིབ་མོ་བྱས་ཏེ་རང་རྒྱལ་གྱི་མི་སྡོད་འབྲེལ་མཐུད་ལས་འགན་ཐོག་མ་ཡོངས་སུ་ལེགས་འགྲུབ་བྱེད་ཁོ་ཐག་ཡིན་ལ། མེས་རྒྱལ་དང་མི་དམངས་ཀྱིས་སེམས་བདེ་མོ་བྱོས་ཟེར།
དེའི་འཕྲོར་མཁའ་སྐྱོད་པ་གསུམ་པོ་སྐྱེལ་མ་ཞུ་མཁན་དག་གི་མཐེལ་མོ་རྡེབ་སྒྲའི་ཁྲོད་རླངས་འཁོར་ལ་བསྡད་དེ་འཕེན་གཏོང་ར་བར་སོང་བ་དང་། འཕུར་གྲུ་འཕེན་གཏོང་སྔོན་གྱི་གྲ་སྒྲིག་ལ་ཞུགས།
འཕུར་གྲུའི་འཕེན་གཏོང་ར་བ་རུ་རྒྱང་སྐྱོད་གཉིས་པ་རྟགས་ཅན་གྱིFསྐྱེལ་འདྲེན་འཕུར་མདའ་འགྱིང་ངེར་གནས་ཡོད་ལ། འཕུར་མདའི་སྟེང་གི་སྐར་ལྔའི་དར་དམར་གྱི་རི་མོ་ཤིན་ཏུ་གསལ་ཞིང་། ཀྲུང་གོའི་མཁའ་སྐྱོད་ཅེས་པའི་ཡིག་འབྲུ་བཞི་བོ་ལྷང་ངེར་མངོན་ཡོད།
ཝུའུ་པང་གོ་སོགས་མགོ་ཁྲིད་བློ་མཐུན་ཚོད་ལྟའི་བཀོད་འདོམས་ཐོག་ཁང་གི་སྟེགས་བུའི་སྟེང་བཞུགས་ནས་ཡུལ་དངོས་སུ་འཕེན་གཏོང་ལ་གཟིགས།
དུས་ཚོད་དྲུག་དང་སྐར་མ་སོ་བདུན་སྟེང་། མེར་སྒྲོན་ཞེས་པའི་བཀའ་དང་མཉམ་དུ་འཕུར་མདའ་གནམ་ས་གཡོ་འགུལ་བྱེད་པའི་འུར་སྒྲའི་ཁྲོད་བར་སྣང་དུ་བསྐྱོད་པ་དང་།ལྷ་གྲུ་དགུ་བ་རྟགས་ཅན་གྱི་འཕུར་གྲུ་དང་མཁའ་སྐྱོད་པ་གསུམ་པོ་བར་སྣང་ལ་འཕུར། ཝུའུ་པང་གོ་སོགས་མགོ་ཁྲིད་བློ་མཐུན་གྱིས་ཚང་མ་དང་མཉམ་དུ་འཕུར་མདའ་བདེ་བླག་ངང་བར་སྣང་དུ་འཕུར་སྐྱོད་བྱས་པར་ལྷག་བསམ་འཁོལ་བའི་རྟེན་འབྲེལ་ཞུ།
འཕུར་མདའ་བར་སྣང་དུ་འཕུར་རྗེས། ཝུའུ་པང་གོ་སོགས་ཚོད་ལྟ་བཀོད་འདོམས་ཚོམས་ཆེན་དུ་ཕེབས་ཏེ་གློག་རྡུལ་བརྙན་རིས་ཆེན་པོའི་སྟེང་ཤར་བའི་འཕུར་མདའ་དང་འཕུར་གྲུའི་འཕུར་སྐྱོད་གནས་ཚུལ་ལ་གཟིགས་པ་དང་། སྒྲ་སྐྱེད་འཕྲུལ་ཆས་ཀྱི་ནང་དུ་ལས་བྱེད་མི་སྣས་མཚམས་མ་ཆད་པར་ཚང་མར་སྐམ་མཚོ་དང་། བར་སྣང་ཚད་ལེན་ཚོད་འཛིན་འཕྲིན་གཏོང་དྲ་བས་རྗེད་འདེད་ལྟ་ཞིབ་བྱས་པའི་འཕུར་མདའ་དང་འཕུར་གྲུའི་འཁོར་སྐྱོད་གནས་ཚུལ། འཕུར་གྲུ་དང་འཕུར་མདའ་ཡན་གར་གྱེས་པ། འཕུར་གྲུ་སྔོན་བཀོད་བགྲོད་ལམ་དུ་ཞུགས་པ། མཁའ་སྐྱོད་པའི་འཕུར་སྐྱོད་རྣམ་པ་བཟང་བ་སོགས་ཡར་ཞུ་བྱེད་ཀྱིན་ཡོད།
དུས་ཚོད་དྲུག་དང་སྐར་མ་ང་བརྒྱད་སྟེང་། མི་སྡོད་མཁའ་སྐྱོད་བཟོ་སྐྲུན་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཁྲང་ཝན་ཆོན་གྱིས་ཁྱབ་བསྒྲགས་བྱེད་རྒྱུར། ལྷ་གྲུ་དགུ་བ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་འཕེན་གཏོང་བདེ་བླག་ངང་ལེགས་འགྲུབ་ཡོང་བ་དང་། སྐབས་དེར་བཀོད་འདོམས་ཚོམས་ཆེན་ནང་དུ་དགའ་སྤྲོས་ཁེངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10