རང་རྒྱལ་གྱིས་སྒོ་ཀུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཧྲེང་རྒན་འཁོགས་ལ་རྒྱལ་ཁབ་ཀྱིས་བསྙེན་བཀུར་བྱ་རྒྱུའི་ལམ་ལུགས་བསྐྲུན་རྒྱུ།
(གངས་སྐྱིད་ཀྱིས་བསྒྱུར།) 2012-06-14
ཞིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་འབྱོར་བའི་གཏམ་གསར། འཛམ་གླིང་ཐོག་མི་རྒན་མི་གྲངས་དུང་ཕྱུར་ལས་བརྒལ་བའི་རྒྱལ་ཁབ་ཅིག་ལ་ཆ་བཞག་ནས་བཤད་ན། རང་རྒྱལ་གྱིས་ཀྲུང་གོའི་གནས་ཚུལ་དང་འཕྲོད་པའི་ཡོངས་ཁྱབ་ལ་འོས་འཚམས་ཀྱིས་ཕན་ཐོགས་པའི་མི་རྒན་པོའི་ཕན་བདེ་ལམ་ལུགས་འཛུགས་སྐྱོང་མགྱོགས་པོ་བྱེད་བཞིན་ཡོད།
མིག་སྔར།རང་རྒྱལ་གྱིས་སྒོ་ཀུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཧྲེང་རྒན་འཁོགས་ལ་རྒྱལ་ཁབ་ཀྱིས་བསྙེན་བཀུར་བྱ་རྒྱུའི་ལམ་ལུགས་བཙུགས་ཏེ་ངལ་རྩོལ་བྱེད་ནུས་མེད་པ་དང་། འཚོ་བའི་འབྱུང་ཁུངས་མེད་ཅིང་ཁྲིམས་བཀོད་ཀྱི་བསྙེན་བཀུར་དང་གསོ་སྐྱོང་བྱེད་མཁན་མེད་པའི་མི་རྒན་ཚང་མར་སྲིད་གཞུང་གིས་རིན་པ་མི་དགོས་པར་བསྙེན་བཀུར་བྱས་ཡོད། རྒྱལ་ཡོངས་སུ་ཞིང་ཆེན15ཡིས་ལོ་ན80ཡན་ཀྱི་ལོ་ན་མཐོན་པོའི་མི་རྒན་ལ་ཁ་གསབ་མ་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ཡོད། ཞིང་ཆེན14ཡིས་རྒན་གསོ་ཞབས་འདེགས་ཐད་ལ་ཁ་གསབ་མ་དངུལ་སྤྲོད་པའི་ལམ་ལུགས་བཙུགས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་གྲངས་ལོ་ན་མཐོན་པོ་ཅན་དུ་གྱུར་ཚད་དང་བསྡུར་ན། རང་རྒྱལ་གྱི་མི་རྒན་པའི་མི་གྲངས་ཀྱི་རྒྱ་ཁྱོན་ཆེན་པོ་ཡིན་པ། རྒྱལ་ཡོངས་ཀྱི་ལོ་ན60ཡན་གྱི་མི་རྒན་པ་དུང་ཕྱུར1.85ལ་སླེབས་ཡོད། 2025ལོའི་སྔོན་དུ་དུང་ཕྱུར4.8ཡས་མས་སུ་སླེབས་ནས་ཡ་གླིང་གི་མི་རྒན་པའི་མི་གྲངས་ཀྱི་ལྔ་ཆ་གཉིས་བཟུང་རྒྱུ་དང་འཛམ་གླིང་ཡོངས་ཀྱི་མི་རྒན་པའི་མི་གྲངས་ཀྱི་བཞི་ཆ་གཅིག་བཟུང་རྒྱུ་རེད། རང་རྒྱལ་གྱི་མི་གྲངས་ལོ་ན་མཐོན་པོ་ཅན་དུ་གྱུར་བའི་དམིགས་ཚད་ལྟར། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱིས་རྒྱུན་ཆད་མེད་པར་ཡོངས་ཁྱབ་ལ་འོན་འཚམས་ཀྱིས་ཕན་ཐོགས་པའི་མི་རྒན་པའི་ཕན་བདེ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ཆེན་རིམ་པའི་གཅིག་འགྱུར་འཆར་འགོད་དང་ལོ་ན80ཡན་གྱི་མི་རྒན་པར་ཁ་གསབ་མ་དངུལ་སྤྲོད་པའི་ལམ་ལུགས་བསྐྲུན་རྒྱུ་ཁྱབ་གདལ་བཏང་ནས་ལོ་ན་མཐོན་པའི་མི་རྒན་པའི་ཕན་བདེ་ཐོབ་ཐང་མཐོ་རུ་གཏོང་རྒྱུ་རེད།
དུས་མཚུངས་སུ། རང་རྒྱལ་གྱིས་རྒན་གསོ་ཞབས་འདེགས་ལ་ཁ་གསབ་མ་དངུལ་སྤྲོད་པའི་ལམ་ལུགས་བསྐྲུན་རྒྱུར་ཁྱབ་གདལ་བཏང་ནས་ལོ་ན་མཐོན་པོ་དང་། བུ་རྒྱུད་འགྲམ་དུ་མེད་པ། འཚོ་བའི་ནུས་པ་ཤོར་བ། ཡོང་འབབ་དམའ་བ་སོགས་ཀྱི་མི་རྒན་པར་བསྙེན་བཀུར་གྱི་ཞབས་འདེགས་ཞུ་རྒྱུ་ཡིན་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཧྲེང་རྒན་འཁོགས་ལ་རྒྱུན་ཆད་མེད་པར་གཅིག་བསྡུས་ཀྱིས་བསྙེན་བཀུར་དང་ཁ་ཐོར་གྱིས་བསྙེན་བཀུར་བྱེད་ཐབས་བླངས་ཏེ་དེ་ཚོའི་གཞི་རྩའི་འཚོ་བའི་ཆུ་ཚད་དེ་ཡུལ་འདི་གའི་ཡུལ་མིའི་ཆ་སྙོམས་ཆུ་ཚད་ལས་མི་དམའ་བར་འགན་ལེན་བྱ་རྒྱུ་རེད།