ཅ་ཆིན་ལིན་གྱིས་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
བཀྲ་ཤིས་འབུམ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-06-19
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་གྱིས་ཉེ་ལམ་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བརྗོད་གཞི་གཙོ་བོ་གཞིར་འཛིན་ཞིང་བརྟན་འཇགས་ཁྲོད་དུ་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མར་ལག་བསྟར་དང་ཚོད་ལྟ་བྱེད་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱིས་བརྗེ་རེས་མཉམ་ལས་བྱེད་པའི་སྟེགས་བུ་སྐྲུན་པ། དཔལ་འབྱོར་ཡུན་རིང་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་ཟེར།
ཟླ6པའི་ཚེས14ཉིན་ནས་ཚེས17ཉིན་བར་ཅ་ཆིན་ལིན་སྔ་གཞུག་ཏུ་ཧྥུའུ་ཀྲིག་དང་ཕེན་ཐན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ། ཞ་མིན་སོགས་ས་ཆའི་བཟོ་གྲྭ་དང་ཁེ་ལས། ཚན་རྩལ་ར་བ། སྡོད་ཁུལ། གྲུ་ཁ་བཅས་ལ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཇུས་གཞི་ལ་གྲོས་མོལ་མཛད།
དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཅ་ཆིན་ལིན་གྱིས་ཧ་ཅང་སེམས་ཁུར་བྱེད་པའི་གནད་དོན་ཡིན། ཅ་ཆིན་ལིན་གྱིས་གསུངས་རྒྱུར། བརྟན་འཇགས་ཁྲོད་དུ་བརྩོན་ལེན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ད་ལོར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་སྤྱིའི་རྨང་གཞི་ཡིན་པས། ཐོན་ལས་སྒྲིག་གཞི་མྱུར་དུ་ལེགས་སྒྱུར་བྱེད་པ་དང་རང་བདག་གསར་སྐྲུན་གྱི་ནུས་པ་ཇེ་མཐོར་གཏོང་བ། ཐོན་ལས་གཅིག་སྡུད་སྒོས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱས་ཏེ་སྲོལ་རྒྱུན་གྱི་ཐོན་ལས་སྤུས་ལེགས་ཅན་དུ་སྒྱུར་བ་དང་མཐོ་གསར་ལག་རྩལ་ཐོན་ལས་ཅན་དུ་སྒྱུར་བ། གསར་དར་ཐོན་ལས་གཞི་ཁྱོན་ཅན་དུ་སྒྱུར་བར་སྐུལ་འདེད་བཏང་ནས། ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྤུས་ཚད་ཇེ་མཐོར་གཏོང་བ་དང་ཧུར་ཐག་སྒོས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་དགོས། རྒྱ་མཚོའི་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ་ཧུར་ཐག་སྒོས་སྲོལ་རྒྱུན་རྒྱ་མཚོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ། ཤུགས་ཆེན་པོས་གྲུ་ཁའི་བཟོ་ལས་འཕེལ་རྒྱས་སུ་གཏོང་བ། མཚོ་ཆུ་ལེགས་སྒྱུར་བྱ་བ་བཟང་བོར་བསྒྲུབ་པ། རྒྱ་མཚོའི་ཐན་བསྡུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མུ་མཐུད་དུ་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཆགས་པར་བྱེད་པ་དང་ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མགོ་ཁུངས་ནས་ཚོད་འཛིན་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་། སྡོད་ཁུལ་གྱི་ཁོར་ཡུག་ལེགས་བཅོས་བྱེད་པ། ལམ་ལུགས་འཛུགས་པ་བཅས་ལ་སྔར་ལས་ཡིད་འཇོག་བྱས་ནས། ཧུར་ཐག་སྒོས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཛའ་མཐུན་ཡིན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་ཟེར།
གནས་བབ་གསར་བའི་འོག་ཏུ་ཐེ་ཝན་བྱ་བ་བཟང་བོར་བསྒྲུབ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ནི་ཅ་ཆིན་ལིན་གྱིས་ད་ཐེངས་རྟོག་ཞིབ་མཛད་པའི་བྱ་བ་གཙོ་བོ་ཡིན། ཅ་ཆིན་ལིན་གྱིས་གསུངས་རྒྱུར། དེང་སྐབས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གསར་སྐྲུན་དུས་སྐབས་སུ་སྲ་བརྟན་གཏིང་ཟབ་ཀྱི་དུས་རིམ་གསར་བར་སླེབ་ཡོད་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དེ་ཀྲུང་དབྱང་གིས་ཐེ་ཝན་གནས་བབ་ཐད་འཛིན་པའི་གཞི་རྩའི་བརྡར་ཤ་གཅོད་པ་དང་གཅིག་མཐུན་བྱེད་དགོས་པ་དང་། ཀྲུང་དབྱང་གི་ཐེ་ཝན་བྱ་བའི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པར་མ་ཟད། བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས། ཧྥུའུ་ཅན་གྱིས་ཐེ་ཝན་བྱ་བ་སྒྲུབ་སྐབས་གཞན་ལས་ལྷག་པའི་ཁྱད་སྟོབས་ཡོད་པས་ངེས་པར་དུ་ནུས་པ་ཆེན་པོ་འདོན་དགོས། ཧྥུའུ་ཅན་དང་ཐེ་ཝན་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རང་སྟེང་གི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ་དང་། ནང་རྐྱེན་སྒྲིག་སྲོལ་འཛུགས་པའི་ནུས་པ་ཇེ་ཆེར་བཏང་ནས། ཧུར་ཐག་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།
རྟོག་ཞིབ་མཛད་སྐབས་ཅ་ཆིན་ལིན་གྱིས་ད་དུང་ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད། ཉེ་བའི་ལོ་འགའི་རིང་ལ་ཧྥུའུ་ཅན་འཕེལ་རྒྱས་དང་མཚོ་ནུབ་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད།
འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་བྱ་བའི་སྐོར་གླེང་སྐབས་ཅ་ཆིན་ལིན་གྱིས་གསུངས་རྒྱུར། ཧྥུའུ་ཅན་གྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་ས་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་ཏང་ཁག་དང་ཚོགས་པ་སོ་སོ་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་བརྟེན་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་མགོ་ཁྲིད་ལ་སྔར་ལས་ཤུགས་བསྣན་ཏེ། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱིས་བཏོན་པའི་ལྟ་བ་ཡང་དག་ལ་ཞིབ་ཏུ་ཉན་དགོས་པ་དང་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་མདུན་དུ་གནས་པའི་དོན་དངོས་ཀྱི་དཀའ་ཁག་དང་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པར་མ་ཟད། འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཡང་འབད་བསྐྱར་འབད་བྱས་ཏེ་མུ་མཐུད་དུ་སྲིད་ཞུགས་ཇུས་འདོན་གྱི་ནུས་པ་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གཙོ་བོར་ཞིབ་འཇུག་ཟབ་མོ་བྱེད་དགོས་ལ། ཉེ་བའི་ལོ་འགའི་རིང་ལ་འགན་ནུས་ལག་བསྟར་བྱས་པའི་ཉམས་མྱོང་ནན་ཏན་སྒོས་སྤྱི་སྡོམ་བྱས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་ལེན་དང་རང་སྟེང་གི་ཚན་རིག་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཞབས་ཕྱི་བཟང་བོ་སྒྲུབ་དགོས་ཟེར། །