ལིས་ཁྲང་ཁྲོན་གྱིས་ཧི་ནན་དུ་བྱ་བར་རྟོག་ཞིབ་མཛད།
གཡང་སྒྲོན། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-06-19
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ6པའི་ཚེས13ཉིན་ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་ལིས་ཁྲང་ཁྲོན་ཧི་ནན་ལུའོ་དབྱང་དང་ཕེན་ཏེན་ཧྲན། ཞུའུ་ཁྲང་། ཀྲིན་ཀྲིག་སོགས་ས་ཁུལ་གྱི་ཁེ་ལས་དང་གཞིས་ཁུལ། ཞིང་ཁྱིམ་བཅས་སུ་ཕེབས་ནས་གཞི་རིམ་གྱི་རིག་གནས་ལས་ཁུངས་ལ་རྟོག་ཞིབ་མཛད་དེ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་དཔལ་འབྱོར་གྱི་འཕེལ་སྟངས་གང་མགྱོགས་སྒོས་བསྒྱུར་བ། རིག་གནས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་རྟོག་ཞིབ་མཛད།
ལིས་ཁྲང་ཁྲོན་གྱིས་ཧི་ནན་ནུབ་ཕྱོགས་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ཁོ་རང་ལུའོ་དབྱང་གྲོང་ཁྱེར་གྱི་ལིས་ཅཱ་སྡེ་བ་དང་ཕེན་ཏེན་ཧྲན་གྲོང་ཁྱེར་གྱི་ཏུང་ཀྲུའོ་ཡོན་གཞིས་ཁུལ་དུ་ཕེབས་ནས་སྡེ་མི་ཚོ་དང་མཉམ་དུ་ཞལ་བརྡ་གནང་ནས། ཁོ་ཚོས་ཐུན་མོང་དཔལ་འབྱོར་དང་ཞིང་བའི་སྤྲོ་ཁྱིམ་གཉེར་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་ཤེས་པས་ལིས་ཁྲང་ཁྲོན་ཧ་ཅང་དགའ། ལིས་ཁྲང་ཁྲོན་གྱིས་སྡེ་མི་རྣམས་ཀྱིས་མིག་སྔའི་བདེ་སྐྱིད་ཀྱི་འཚོ་བ་གཅེས་འཛིན་བྱས་ཏེ་དཀའ་སྤྱད་སྡུག་རུས་ཀྱི་སྲོལ་རྒྱུན་བཟང་བོ་དེ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་། ལིས་ཁྲང་ཁྲོན་གྱིས་ཧི་ནན་གྱིས་མགྱོགས་མྱུར་སྒོས་དཔལ་འབྱོར་གྱི་འཕེལ་སྟངས་བསྒྱུར་པའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་མཛད་བཞིན་ཡོད་དེ། ཀྲུང་གོ་འདྲུད་འཐེན་འཁོར་ལོ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཞུའུ་ཅིས་སྡེ་ཚོགས། རའེ་པཱའེ་ཁཱ་ཧྥ་ཐོན་རྫས་ཀུང་ཟི་བཅས་སུ་ལིས་ཁྲང་ཁྲོན་གྱིས་ལས་བཟོ་བ་དང་བརྩེ་བའི་ཞལ་བརྡ་གནང་སྟེ། ཀུང་ཟིས་ཞིབ་འཇུག་གསར་སྤེལ་ལ་ཤུགས་བསྣན་ཏེ་མཐོ་གསར་ལག་རྩལ་སྦྱངས་ནས་རང་བདག་གསར་གཏོད་ཀྱི་ཐོལ་བརྒལ་འཕེལ་རྒྱས་མངོན་འགྱུར་འབྱུང་དགོས་པའི་སྐུལ་མ་བཏང་། ཕའོ་ལའེ་ཁི་ཀུང་ཟི་ནི་ཚན་རྩལ་མཐོ་བའི་དམངས་གཉེར་ཁེ་ལས་བཟོ་གྲྭ་ཞིག་ཡིན་པ་དང་། ལིས་ཁྲང་ཁྲོན་གྱིས་ཁོ་ཚོས་ཁེ་ལས་རིག་གནས་འཛུགས་སྐྲུན་ཐད་ཤུགས་བསྣན་ནས་ཚན་རྩལ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ་ལས་བཟོ་བའི་བརྩོན་སེམས་བསྐྱེད་དགོས་པའི་ཐུགས་རེ་བཏོན། ལིས་ཁྲང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཚང་མ་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་ཕྱིར། སྲ་བརྟན་འགྱུར་མེད་སྒོས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་དགོས་པ་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱས་ཏེ། ལམ་ལུགས་སོ་སོའི་དཔལ་འབྱོར་འདྲ་མཉམ་སྒོས་འགྲན་རྩོད་བྱེད་པ་དང་ཕན་ཚུན་སྐུལ་འདེད་བྱེད་དགོས་ཟེར། །