ཧུའུ་ཅིན་ཐའོ་ཡིས་ཨུ་རུ་སིའི་ཙུང་ཐུང་ལ་གྲོས་མོལ་མཛད་པ།

    ཞིན་ཧྭ་གསར་འགྱུར་དྲ་བ།    2012-06-07

ཧུའུ་ཅིན་ཐའོ་ཡིས་ཨུ་རུ་སིའི་ཙུང་ཐུང་ལ་གྲོས་མོལ་མཛད་པ།
ཧུའུ་ཅིན་ཐའོ་ཡིས་ཨུ་རུ་སིའི་ཙུང་ཐུང་ལ་གྲོས་མོལ་མཛད་པ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་པ་མ་ཟད་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་། ཕྱོགས་གཉིས་ཀྱིས་འདྲ་མཉམ་ཡིད་ཆེས་ཀྱི་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།ཧུའུ་ཅིན་ཐའོ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་མུ་མཐུད་དུ་དགེ་མཚན་ལྡན་ཞིང་བདེ་བླག་དང་བརྟན་འཇགས་ངང་གོང་འཕེལ་ལ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་ཀྱི་འགྲོ་འོང་ཟབ་ལ། ཕྱོགས་གཉིས་ཀྱི་སྲིད་གཞུང་དང་སྡེ་ཁག་སོ་སོས་མཉམ་ལས་བཟང་བོ་བྱས་ཤིང་། དངོས་གཉེར་མཉམ་ལས་ཀྱི་གཞི་ཁྱོན་དང་རྒྱུ་སྤུས་མཉམ་དུ་ཇེ་མཐོར་སོང་བ་དང་། མི་ཚུལ་བརྗེ་རེས་སྔར་ལས་ཟབ་ཅིང་། ཨུ་རུ་སིའི་གནས་སྐོར་ལོའི་བྱ་འགུལ་བདེ་བླག་ངང་སྤེལ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ཟེར།ཧུའུ་ཅིན་ཐའོ་ཡིས་བསྟན་དོན། དེང་སྐབས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་དུ་ཆེས་ཆེར་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་དུ། རྒྱལ་སྤྱིའི་གནས་བབ་ཁྲོད་དུ་གཏན་འཇགས་མིན་ཞིང་ངེས་གཏན་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་ཡོད་པ་མ་ཟད་འགྲན་རྩོད་མང་བོ་ཡང་གནས་ཡོད། ཀྲུང་གོས་ཨུ་རུ་སི་དང་མཉམ་དུ། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་བོར་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་མ་འོངས་བའི་ལོ་བཅུའི་འཕེལ་རྒྱས་འཆར་གཞི་ལག་བསྟར་བཟང་བོ་བྱེད་པ་དེ་དམིགས་འབེན་གལ་ཆེན་དུ་བརྩིས་ཤིང་། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨུ་རུ་སིའི་མི་རབས་ནས་མི་རབས་བར་གྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འཐབ་ཇུས་རོགས་ལས་ཇེ་དམ་དུ་བཏང་ཞིང་། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་ཡར་སྐུལ་བྱས་ཏེ། རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་སུ་འགྲོ་བའི་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་གོང་འཕེལ་དུ་སོང་བ་སྔར་ལས་བཟང་ཞིང་འབྲེལ་བ་སྔར་ལས་ཇེ་དམ་དུ་སོང་ན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཚོན་ན་བདེ་སྐྱིད་ཡིན་པ་དང་། འཛམ་གླིང་ལ་མཚོན་ན་ཡང་བདེ་སྐྱིད་ཅིག་ཡིན་ཟེར།ཧུའུ་ཅིན་ཐའོ་ཡིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། གཉིས་ཀས་འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་ཉེན་ཁ་དང་བར་ཆད་ལ་ཁ་གཏད་འཇལ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་ནང་གི་གནས་ཚུལ་དང་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཀྱི་ཁྱད་ཆོས་གསར་བར་དམིགས་ཏེ། དཔལ་འབྱོར་ཁ་གསབ་རང་བཞིན་ཆེ་བའི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། འབྱོར་ཚོང་མཉམ་ལས་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། འབྱོར་ཚོང་མཉམ་ལས་ཀྱི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས་ལ། གཙོ་བོ་གཤམ་གྱི་ཕྱོགས་འགའི་མཉམ་ལས་སྤེལ་དགོས་ཏེ། གཅིག་ནས་དངུལ་གཏོང་མཉམ་ལས་རྒྱ་བསྐྱེད་དགོས། ནུས་ཁུངས་དང་བཞུར་རྒྱུན་སྟོད་སྨད་ཀྱི་མཉམ་ལས་གནད་ཆེ་སར་བཟུང་ནས་སྐུལ་འདེད་བྱེད་དགོས། ཐོན་ཁུངས་བཟོ་བཅོས་དང་མཉམ་འབྲེལ་འཕྲུལ་ཆས་བཟོ་བ་སོགས་ལས་གཞི་ཆེན་པོ་མཉམ་ལས་བྱེད་དགོས། གཉིས་ནས་མཐོ་རིམ་ལག་རྩལ་དང་གསར་གཏོད་མཉམ་ལས་སྤེལ་དགོས། མཉམ་ལས་གསར་སྤེལ་དང་། གསར་གཏོད་ནས་གྲུབ་འབྲས་ཚོང་ལས་ཅན་དང་། ཐོན་ལས་ཅན་གྱི་གསར་གཏོད་མཉམ་ལས་ཀྱི་རྣམ་པ་འཛུགས་དགོས། གསུམ་ནས་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་པོའི་མཉམ་ལས་སྤེལ་དགོས། རེ་བ་ལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མུ་མཐུད་དུ་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ། བཞི་ནས་མུ་མཐུད་དུ་རྒྱལ་ཁོངས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་ལ་སྐུལ་འདེད་དང་། ས་གནས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་དགོས།ད་ལོ་ནས་བཟུང་ཕྱོགས་གཉིས་ཀྱིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ལོ་དང་སྐད་རིགས་ཀྱི་ལོ། ལྗོངས་རྒྱུ་ཡི་ལོ་སོགས་ཀྱི་བྱ་འགུལ་སྤེལ་བའི་རྨང་གཞིའི་སྟེང་མ་འོངས་བའི་ལོ་བཅུའི་ནང་གི་མི་ཚུལ་མཉམ་ལས་འགུལ་སྐྱོད་འཆར་གཞི་གཏན་འཁེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ན་གཞོན་རྣམས་ཀྱི་འབྲེལ་འདྲིས་གནད་ཆེ་སར་བཟུང་ནས་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་ཆེ་ས་ནས་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས། ཁྲིམས་སྐྱོང་དང་བདེ་འཇགས་མཉམ་ལས་གཏིང་ཟབ་དུ་བཏང་ནས་རྒྱལ་ཁབ་བར་གྱི་མཉམ་ལས་དེ་སྒྲིག་སྲོལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།


  • ལེ་ཚན་སྔོན་མ།:བོད་ལྗོངས་དཔེ་མཛོད་ཁང་གིས་བོད་ཡིག་གནའ་དཔེ་ལ་ཕྱོགས་ཡོངས་ནས་རྩད་ཞིབ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང
  • ལེ་ཚན་རྗེས་མ།:ཡུས་ཧྲུའུ་གློག་དྲ་མཚོ་སྔོན་གྱི་གློག་དྲ་གཙོ་བོར་མཐུད་པའི་གློག་སྟོང་ཧྥུའུ་སུམ་བརྒྱ་དང་སུམ་ཅུའི་གློག་སྐ
  • དོ་སྣང་ཆེ་བའི་རྩོམ།