བང་ལིན་ཅོན་གྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་བོད་ལྗོངས་སུ་རྟོག་ཞིབ་བྱེད་དུ་སོང་བ།
བསོད་ནམས་ལྷ་མོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-06-06
མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་གཏིང་ཟབ་སྒོས་ལག་ལེན་བྱས་ནས་ནུབ་རྒྱུད་ས་ཁུལ་དང་ནང་ལོག་ས་ཁུལ་གྱི་འཕེལ་རྒྱས་སུ་གཏོང་པའི་རེ་བ་ལྟར། ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་དྲུག་པའི་ཚེས་གསུམ་ཉིན་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་བང་ལིན་ཅོན་གྱིས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ཉོ་ཚང་སྐུལ་འདེད་ཨུ་ཡོན་ལྷན་ཁང་། ཟི་ལིང་སྒོ་ཁྲལ་ལས་ཁུངས། ཀྲུང་གོ་ས་གདན་མཐུན་ཚོགས་སོགས་སྡེ་ཁག་གི་འཐུས་མི་ཁྲིད་ནས་བོད་ལྗོངས་སུ་སོང་སྟེ་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཉོ་ཚོང་མཉམ་ལས་ཚོགས་འདུར་ཞུགས་ནས་ཕྱི་ཕྱོགས་ཉོ་ཚོང་དང་གྲུ་ཁའི་འཛུགས་སྐྲུན། ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་། བོད་ཀྱི་ས་གདན་འགྲེམ་སྟོན་བྱེད་པ། མུའུ་སི་ལིན་གྱི་ཟས་རིགས་འགྲེམ་སྟོན་བྱེད་པ་བཅས་ཀྱི་ཐད་ནས་ཡོངས་ཁྱབ་ཏུ་རྟོག་ཞིབ་བྱས་ཏེ་བསམ་བློ་བརྗེ་རེས་བྱས།རྟོག་ཞིབ་བྱེད་སྐབས་རང་སྐྱོང་ལྗོངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ལ་བསྡུས་པ་དང་། བང་ལིན་ཅོན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱི་ཚོང་དོན་དང་གྲུ་ཁ། སྒོ་ཁྲལ་སོགས་ཀྱི་གནས་ཚུལ་འཚམས་སྦྱོར་བྱས་པར་ཉན་པ་མ་ཟད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་ཡུལ་དངོས་ལ་བལྟས་ཏེ་མཚོ་སྔོན་ཁེ་ལས་ཀྱི་མཐའ་མཚམས་ཉོ་ཚོང་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས།བང་ལིན་ཅོན་གྱིས་བཤད་རྒྱུར། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་རི་ཆུ་གཅིག་ཏུ་འདྲེས་ཤིང་རིག་གནས་ཕལ་ཆེར་གཅིག་མཚུངས་ཡིན་ལ། བརྩེ་སེམས་གཅིག་ལ་འདྲེས། མཚོ་སྔོན་དང་བོད་ལྗོངས་གཉིས་ནི་མཚོ་བོད་མཐོ་སྒང་དུ་གནས་ཤིང་ས་གཤིས་ཀྱི་གནས་བབ་གཅིག་འདྲ་དང་མི་རིགས་ཀྱི་གྲུབ་ཚུལ་གཅིག་མཚུངས། ཐོན་རྫས་ཀྱི་སྒྲིག་གཞི་གཅིག་འདྲ་བཅས་ཡིན་པས་བོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ཀྱི་ལས་འགན་ཆེན་པོ་མཉམ་དུ་ཁུར་ཡོད། དེ་བས་ཕན་ཚུན་བར་སློབ་སྦྱོང་བྱེད་པའི་རིན་ཐང་ལྡན་ལ་ཁྱབ་ཆེ་བའི་བརྗེ་རེས་དང་མཉམ་ལས་བྱེད་པའི་བར་སྟོང་ཡང་ཧ་ཅང་ཡངས་ཟེར།བང་ལིན་ཅོན་གྱིས་བོད་ལྗོངས་ཀྱིས་ནང་ལོག་གི་ཉོ་འཚོང་དང་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་ ལྷག་པར་དུ་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་མཉམ་ལས་འཕེལ་རྒྱས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་དང་བོད་ལྗོངས་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།