2012-06-06
སྐབས་ཉེར་དྲུག་པའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དུ་གླུ་གཞས་ལེན་པ།
ཟླ6པའི་ཚེས2ཉིན་གྱི་སྔ་དྲོ་ཆུ་ཚོད10ཡི་སྟེང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་དང་། མཚོ་སྔོན་བོད་སྐད་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་མི་རིགས་གློག་བརྙན་བསྒྱུར་སྒྲིག་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་སྐབས་ཉེར་དྲུག་པའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟི་ལིང་ལྷོ་རིའི་གླིང་གར་ཚོགས་ཤིང་། མཚོ་སྔོན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་འགོ་གཙོ་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་སྟག་འབུམ་ཐར། ཞིང་ཆེན་དམངས་ཆེན་གྱི་འགོ་གཙོ་གཞོན་པ་སྐལ་བཟང་རྡོ་རྗེ། ཞིང་ཆེན་མི་རིགས་དོན་གཅོད་ཁང་གི་འགོ་གཙོ་ཕུར་བ་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་མཛད་སྒོར་ཞུགས་ཡོད་པར་མ་ཟད། མདོ་དབུས་ཁམས་གསུམ་གྱི་རི་མོ་སྒྱུ་རྩལ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ཞིབ་འཇུག་ཚོགས་པ་དང་སོག་རིགས་ཞིབ་འཇུག་ཚོགས་པའི་སྐུ་ཚབ་ཀྱང་ཡུལ་དངོས་སུ་ཞུགས་ཡོད། འདིར་ཟི་ལིང་ས་ཁུལ་གྱི་བོད་མི་ལས་གཞན་ད་དུང་ཕྱོགས་སོ་སོ་ནས་ཆེད་དུ་ཐེངས་འདིའི་དུས་ཆེན་ལ་ཡོང་བའི་བོད་མི་གང་མང་གིས་ཀྱང་གཟབ་མཆོར་སྤྲས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་ཡུལ་དངོས་སུ་ཐོན་ཡོད་པ་རེད།
ཨ་རྩེད་ཅེས་པའི་རིག་རྩལ་འཁྲབ་སྟོན།
འདིར་རིག་རྩལ་སྣ་ཚོགས་ཏེ་མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་སློབ་གྲྭའི་བྲོ་གར《ཁམས་པའི་ཕོ་རྒོད》དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སངས་རྒྱས་མཁའ་འགྲོས་བླངས་བའི་དམངས་གླུ《བོད་ཡང་ཡང་འཛོམས་པའི་སྨོན་ལམ་འདེབས》། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལས་སྒྲུབ་པ་སྐོར་ཞིག་གིས་བླངས་པའི《ཤེས་རིག་གི་ཕོ་ཉ》། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྡོ་རྗེ་ཚེ་བརྟན་དང་ཚེ་སྐྱིད་གཉིས་ཀྱིས་མཉམ་དུ་བླངས་པའི《མཆོད་ཆང》སོགས་དང་། དེ་མིན་རུ་ཁག་སོ་སོའི་ཨ་རྩེད་སོགས་དམངས་ཁྲོད་ཀྱི་རིག་རྩལ་ཡང་གང་མང་འདུག་ལ། ཕྱི་དྲོར་ལྷན་གྱིས་སྐོར་བྲོ་འཁྲབ་པ་བཅས་བྱས་ཏེ་ཡུལ་དངོས་ཀྱི་བོད་རིགས་མི་དམངས་ཀུན་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པ་བྱུང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10