བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-06-04
འབུམ་རམས་པ་རྡོ་ལྷ་ལགས་ཀྱིས་བགྲོ་གླེང་བྱེད་བཞིན་པ།
བགྲོ་གླེང་ཚོགས་འདུའི་ཟུར་ཞིག
ཟླ5བའི་ཚེས29ཉིན། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་མི་རིགས་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོའམ་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་བརྡ་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ་རྡོ་ལྷ་ལགས་ཀྱིས་ཁོང་ཉིད་ཀྱི“སྐད་བརྡའི་ཡིག་མཛོད་ལ་གཞི་བཅོལ་ནས་གེ་སར་སྒྲུང་རིང་ཁྲོད་ཀྱི་སྐད་བརྡ་ལ་ཞིབ་འཇུག་བྱེད་པ་སྟེ《ཧོར་གླིང་གཡུལ་འགྱེད》དཔེ་མཚོན་དུ་བྱས་པ”ཞེས་པའི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་ལ་བགྲོ་གླེང་བྱས་པ་རེད།
དཔྱད་རྩོམ་འདིའི་ཁྲོད་སྐད་བརྡའི་ཡིག་མཛོད་སྐད་བརྡ་རིག་པ་དང་གྲངས་རྩིས་སྐད་བརྡ་རིག་པའི་དཔྱད་ཐབས་ལ་བརྟེན་ནས་སྒྲུང་ཁག《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་ཆ་དང་སྨད་ཆའི་ཁྲོད་ཡིག་རྟགས་ཀྱི་གྲུབ་སྟངས་དང་། ཚེག་བར་གྱི་མང་ཉུང་། ཐ་སྙད། ཚིག ཚིག་གི་སྦྱོར་སྟངས་སོགས་བརྡ་སྤྲོད་ཐད་ཀྱི་གནད་དོན་ཁག་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ནས་སྒྲུང་ཁག་དེའི་སྐད་བརྡའི་ཕྱོགས་སོ་སོ་ལ་གསལ་བཀྲོལ་བྱས་པ་རེད།
དཔྱད་རྩོམ་འདི་བརྒྱུད་ནས“བོད་ཡིག་གི་ཐ་སྙད་དང་རྟགས་འདུས་ཚད་ཐིག”དང་། “བོད་ཡིག་གི་ཐ་སྙད་དགར་བའི་ལས་གཞིའི་ཚད་ལྡན”ཞེས་པའི་ཚད་ཐིག་གཉིས་གཏན་འབེབ་བྱས་ཤིང་། ཐ་སྙད་ལ་རིགས102སུ་དགར་ནས་རྒྱལ་ཁབ་ཀྱི་ཚད་ཐིག་ཡར་ཞུ་བྱེད་གྲབས་ཡོད་པ་དང་། བོད་ཡིག་གི་ཐ་སྙད་རང་འགུལ་སྒོས་རིགས་དགར་དང་འགྲེལ་འགོད་པའི་མ་ལག་ལེགས་འགྲུབ་བྱུང་བས་མ་འོངས་པར་བོད་ཡིག་ཡིག་ཚང་དཔྱད་འཚོལ་དང་། བོད་ཡིག་བཤེར་འཚོལ་སྒུལ་ཆས། ཆ་འཕྲིན་འཚོལ་བསྡུ། འཕྲུལ་ཆས་ལོ་ཙཱ་སོགས་ལ་རྨང་བཏིངས་པར་མ་ཟད། ལོ་རྒྱུས་ཀྱི་སྟོངས་ཆ་གང་མང་ཞིག་བསྐངས་པ་རེད། ཁོང་གི་དཔྱད་རྩོམ་དེ་བགྲོ་གླེང་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་སྡུར་བྱས་པར་བརྒྱུད་འབུམ་རམས་པའི་ཕུལ་བྱུང་དཔྱད་རྩོམ་དུ་བདམས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་དཔྱད་རྩོམ་འདི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྒྱབ་སྐྱོར་ཐོབ་པ་དང་། འབུམ་རམས་པ་རྡོ་ལྷ་ལགས་ཀྱིས་མ་འོངས་པར་བོད་ཡིག་གི《བཀའ་བསྟན》གྱི་དཔྱད་འཚོལ་ལ་ཞིབ་འཇུག་བྱེད་གྲབས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10