ལིས་ཁི་ཆཱང་གིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།

བཀྲ་ཤིས་འབུམ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-05-24

ལིས་ཁི་ཆཱང་གིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ།
 

ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལི་ཁི་ཆཱང་གིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ལི་ཁི་ཆཱང་གིས་ཁོན་ཧྲིན་གྲོང་ཁྱེར་ཀྲིག་ཧྲི་གྲོང་བརྡལ་གྱི་ཧྲི་པེ་སྡེ་བའི་སྡེ་མི་རྣམས་དང་མཉམ་དུ་སྙིང་ཉེ་བའི་གླེང་མོལ་མཛད་བཞིན་པའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆཱང་གིས་ཉེ་ལམ་ཅང་སུའུ་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། བརྟན་འཇགས་ཁྲོད་དུ་གོང་འཕེལ་བརྩོན་ལེན་བྱེད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། དེང་སྐབས་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་དམིགས་ནས་ཧུར་ཐག་སྒོས་ནང་མཁོ་རྒྱ་བསྐྱེད་པ་དང་། དཔལ་འབྱོར་བརྟན་འཇགས་སྒོས་འཕར་ཞིང་། རྣམ་པ་བསྒྱུར་བ་དང་་རིམ་པ་འཕར་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་འཕར་སྣོན་གྱི་སྒུལ་ཤུགས་ཇེ་ཆེར་བཏང་ནས་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

སུའུ་ནན་ས་ཁུལ་ནི་མཚོ་རྒྱུད་སྒོ་འབྱེད་ས་ཁུལ་དུ་གནས་ཡོད་པ་དང་། དཔལ་འབྱོར་ལག་རྩལ་གྱི་སྟོབས་ཤུགས་ཆེན་པོ་ལྡན་ལ། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། ཟླ་ལྔ་བའི་ཚེས་ཉེར་གཅིག་དང་ཚེས་ཉེར་གཉིས་ཉིན་ལ་ལིས་ཁི་ཆཱང་ས་དེར་ཕེབས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གསར་སྐྲུན་སོགས་ཕྱོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་ས་གནས་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཁུན་ཧྲན་བེ་ཞིན་ནོ་ཀུང་ཟི་ནི་རྣམ་པ་གསར་བའི་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་ཡིན། ལིས་ཁི་ཆཱང་གིས་ཁེ་ལས་ཀྱི་དཀྱིལ་སྙིང་ལག་རྩལ་དང་ཐོན་རྫས་བཀོལ་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་གསུངས་རྒྱུར། དེང་སྐབས་ཚོང་རའི་འགྲན་རྩོད་ཤུགས་ཆེ་བ་དང་ཁེ་ལས་ཀྱིས་ཚོང་ར་ནས་ཁེ་ཕན་ཐོབ་པའི་གནད་འགག་ནི་གསར་སྐྲུན་ལ་བརྟེན་ནས་སྲོག་ཤིང་གི་འགྲན་རྩོད་ནུས་ཤུགས་གསོ་སྐྱོང་བྱེད་རྒྱུ་དང་། མདུན་ཕྱོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་སྦས་ཤུགས་སྔོག་འདོན་བྱས་ནས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།

ལིས་ཁི་ཆང་སུའུ་ཅིན་སྡེ་ཚོགས་སུ་ཕེབས་ཏེ་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་གསུངས་རྒྱུར། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། སྤུས་ལྡན་གསར་བཟོ་བྱེད་པ་ནི་མདུན་ལྗོངས་རྒྱ་ཆེ་བའི་འཐབ་ཇུས་རང་བཞིན་གྱི་རྣམ་པ་གསར་བའི་ཐོན་ལས་ཤིག་ཡིན། ཁེ་ལས་ཀྱིས་ཚོང་རའི་དགོས་མཁོ་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། སྔར་ལས་འགྲན་རྩོད་ཆེ་བའི་སྤུས་ལེགས་ཐོན་རྫས་གསར་སྤེལ་བྱེད་པ་དེས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་མ་ཟད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་ཐུབ་ཟེར།

ཁུན་ཧྲན་གྲོང་ཁྱེར་ཀྲིག་ཧྲི་གྲོང་བརྡལ་ཧྲི་པེ་སྡེ་བ་རུ་ལིས་ཁི་ཆཱང་གིས་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་སྤྱི་བའི་ཞབས་ཕྱིའི་གནས་ཚུལ་ལ་རྟོག་ཞིབ་མཛད། སྡེ་མི་རྣམས་ཀྱིས་ད་ལྟ་འཚོ་བར་འགན་སྲུང་བྱས་པ་དང་སྨན་བཅོས་ལ་འགན་སྲུང་བྱས་པས་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རེད་ཅེས་བཤད། ལིས་ཁི་ཆཱང་གིས་གསུངས་རྒྱུར། འཕེལ་རྒྱས་སུ་གཏོང་བའི་དམིགས་ཡུལ་ནི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུ་དེ་ཡིན་ལ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་བས། སྨན་བཅོས་དང་རྒན་གསོར་འགན་སྲུང་ཡོད་ལ། འདི་ནང་མཁོ་རྒྱ་བསྐྱེད་པའི་རྨང་གཞི་ཡིན་ཟེར། ལིས་ཁི་ཆཱང་སྡེ་བའི་ཞིང་ཁ་རུ་ཕེབས་ཏེ་ལོ་ཏོག་སྐྱེས་པའི་གནས་ཚུལ་ལ་ཞིབ་གཟིགས་གནང་བ་དང་འབྲུ་རིགས་ཀྱི་རིན་གོང་དང་ཞིང་ལས་ཐད་རྒྱབ་སྐྱོར་དང་ཁ་གསབ་བྱེད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་མཛད། ཁོང་གིས་གསུངས་རྒྱུར། ཞིང་བ་དང་ཞིང་ལས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བཟང་བོ་བྱས་ཏེ། འབྲུ་རིགས་སོགས་ཞིང་ཐོན་དངོས་རྫས་མཁོ་འདོན་བྱེད་པར་འགན་སྲུང་བྱས་ནས་དཔལ་འབྱོར་བརྟན་འཇགས་སྒོས་འཁོར་རྒྱུག་བྱེད་པར་ནུས་པ་ཆེན་པོ་འདོན་དགོས་ཟེར།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བོད་ཡིག་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཆེན་པོ་བྱུང་བ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་བཅུ་བཞི་བ་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།