ཀྲུང་གོའི་བོད་ལྗོངས་དྲ་བ། 2012-05-23
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁར་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་བོད་རིག་པ་བའི་འཐུས་ཚབ་ཚོགས་པས་ཟླ་5བའིཚེས18ཉིན་ཨ་མེ་རི་ཁའི་སི་ཐའན་ཧྥོར་ཊི་སློབ་གྲྭ་ཆེན་མོའི་ (Stanford University)འབྲེལ་ཡོད་ཆེད་མཁས་པ་དང་བོད་ཀྱི་འཕེལ་རྒྱས་སྐོར་ལ་བཞུགས་མོལ་དང་བསམ་བློ་བརྗེ་རེས་གནང་།
གྲོང་ཁྱེར་སན་ཧྥན་སེ་སི་ཁོ།
འཐུས་ཚབ་ཚོགས་པའི་ཚོགས་གཙོ་སྟེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་འཛིན་ཀྲང་ཡུན་གྱིས་ས་སྐྱ་དགོན་པས་དཔེ་བྱས་ཏེ་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་ནས་ཨར་ཀའི་བྱེད་ནུས་མཐོར་འདེགས་བཏང་བ་བཅས་ཚུད་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་ཐབས་སྐོར་ངོ་སྤྲོད་གནང་། ཁོང་གིས་ས་གནས་ཀྱི་མི་སེར་རྣམས་ཀྱིས་རིག་དངོས་སྲུང་སྐྱོབ་དང་སྲོལ་རྒྱུན་ལག་ཤེས་རྒྱུད་འཛིན་བྱེད་པའི་གོ་རིམ་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ལ་དོན་སྙིང་ཆེན་པོ་ལྡན་ཞིང་། ཁོང་རྣམས་ཀྱིས་རིག་དངོས་སྲུང་སྐྱོབ་དང་རང་གི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་བ་གཉིས་བར་འབྲེལ་བ་དམ་ཟམ་ལྡན་པ་དེ་ངོས་ཟིན་སྐབས། རིག་དངོས་སྲུང་སྐྱོབ་ལས་དོན་དེ་རང་ཉིད་ཀྱི་ལས་དོན་དུ་བརྩིས་ནས་ཡག་པོ་སྒྲུབ་ཀྱི་ཡོད་ཅེས་ངོ་སྤྲོད་གནང་།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་སུའུ་ཧྥ་ཞང་གིས་བོད་ཀྱི་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་ཀྱིས་གཙོ་བྱས་ཤིང་། བོན་ཆོས་དང་ཁ་ཆེའི་ཆོས་ལུགས། ཡེ་ཤེས་ཆོས་ལུགས་སོགས་མཉམ་དུ་གནས་པའི་ཆོས་ལུགས་ཡིན་ཞིང་། འདིས་བོད་ཀྱི་ཆོས་ལུགས་ནི་སྣ་མང་རིང་བཞིན་དང་ཕུན་སུམ་ཚོགས་པོ་ཡིན་པ་མཚོན་ཡོད་ཅེས་ངོ་སྤྲོད་གནང་།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་སྐལ་བཟང་སྒྲོལ་མས་ཆབ་མདོ་རྫོང་གི་ཁྱིམ་ཚང་ཞིག་གི་བརྟག་དཔྱད་དཔེ་བྱས་ཏེ། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་བོད་ཀྱི་ཞིང་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་དང་། སློབ་གསོ་མྱངས་ཚད་མཐོར་འདེགས་ཡོང་བའི་སྐོར་དང་། མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་དང་ལྟ་བར་འགྱུར་ལྡོག་བྱུང་བ་ངོ་སྤྲོད་གནང་བ་དང་། དུས་མཚུངས་སུ་བོད་ལྗོངས་སུ་ལོ་བཅོ་ལྔའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ལག་བསྟར་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་།
ཀྲུང་གོའི་བོད་རིག་པ་བས་ངོ་སྤྲོད་གནང་བའི་འབྲེལ་ཡོད་ནང་དོན་ལ་དེར་བཞུགས་ཨ་རིའི་འབྲེལ་ཡོད་ཆེད་མཁས་པས་མོས་སྤྲོ་ཆེན་པོ་སྐྱེས་ཞིང་། ཁོང་ཚོས་གཅིག་རྗེས་གཉིས་མཐུད་ངང་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་དཔལ་འབྱོར་གོང་སྤེལ་གཉིས་ཅི་ལྟར་མཐུན་སྦྱོར་བྱེད་ཚུལ་དང་། ས་གནས་ཀྱི་མང་ཚོགས་ཀྱིས་དགོན་པ་དང་ཅི་ལྟར་འབྲེལ་འདྲིས་བྱེད་ཚུལ། ཁ་ཆེའི་ཆོས་ལུགས་ཅི་ལྟར་བོད་དུ་དར་ཚུལ་སོགས་ཀྱི་སྐོར་ལ་དྲི་བ་བཏོན་པར། འཐུས་ཚབ་ཚོགས་པས་རེ་རེ་བཞིན་དྲིས་ལན་གསལ་བོ་བསྐྱོན་པ་རེད།
ཀྲུང་གོའི་བོད་རིག་པ་བ་རྣམས་ཀྱིས་ད་དུང་བཞུགས་མོལ་སྐབས་བོད་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཞིང་འབྲོག་དམངས་ཀྱི་འཚོ་བ་མཚོན་པའི་པར་རིས་བསྟན་པར་ཨ་རིའི་ཆེད་མཁས་པ་རྣམས་མོས་སྤྲོ་ཆེན་པོ་སྐྱེས།
ཀྲུང་གོའི་བོད་རིག་པ་བའི་འཐུས་ཚབ་ཚོགས་པ་ནི་ཚེས་༡༧ཉིན་ཨ་རིའི་སན་ཧྥན་སེ་སི་ཁོར(San Francisco)འབྱོར་ནས་ཨ་རིར་འཚམས་འདྲི་གནང་མགོ་བརྩམས་པ་ཡིན་ཞིང་། འཚམས་འདྲི་ཚོགས་པས་ས་དེའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་། བཞུགས་མོལ་ཕུད། འཐུས་ཚབ་ཚོགས་པས་ད་དུང་གསོལ་ཇ་མཉམ་བཞེས་སོགས་ཀྱི་རྣམ་པ་བརྒྱུད་ཕྱོགས་གཉིས་ཀྱིས་དོ་ཁུར་གནང་བཞིན་པའི་གནད་དོན་སྐོར་བསམ་བློ་བརྗེ་རེས་གནང་། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10