ནན་ཁེའེ་སློབ་གྲྭ་ཆེན་མོས་སྐབས་དྲུག་པའི་བོད་ལྗོངས་རིག་གནས་དུས་ཆེན་གྱི་བྱ་འགུལ་སྤེལ་པ།
ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-05-02
ཟླ4བའི་ཚེས27ཉིན། ནན་ཁེའེ་སློབ་གྲྭ་ཆེན་མོ་རུ་སྐབས་དྲུག་པའི་བོད་ལྗོངས་རིག་གནས་དུས་ཆེན་ཞེས་པའི་རིག་རྩལ་དགོང་ཚོགས་ཤིག་སྤེལ་ཞིང་། ནན་ཁེའེ་སློབ་གྲྭ་ཆེན་མོའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་དང་ནན་ཁེའེ་སློབ་གྲྭ་ཆེན་མོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་སློབ་གྲྭའི་བོད་ཀྱི་རིག་གནས་ཡར་སྤེལ་ཚོགས་པ་དང་དཔལ་འབྱོར་གླིང་གིས་འགན་སྒྲུབ་གནང་།
ཐེངས་འདིའི་བྱ་འགུལ་དུ་སློང་མ་ཡོངས་ཀྱིས་སྐོར་བྲོ་དང་རིག་རྩལ་སྣ་ཚོགས་འཁྲབ་པ་སྟེ། བྲོ་གར《དགའ་སྤྲོས་ཁེངས་བའི་རྩྭ་ཐང》དང་། གླུ་གཞས《གངས་ལྗོངས་ཀྱི་རྨི་ལམ》དང་། 《གངས་ཅན་བོད་པ》། 《དར་མདོའི་མཛའ་གཞས》། 《ལྷན་འཛོམས》། 《གླིང་རྗེ་གེ་སར་རྒྱལ་པོ》སོགས་གང་མང་འདུས།
རྒྱུས་ལོན་པ་ལྟར་ན། འདི་ནི་སློབ་གྲྭའི་སྐབས་དྲུག་པའི་བོད་ཀྱི་རིག་གནས་དུས་སྟོན་ཡིན་ཞིང་། སློབ་གྲྭ་གཞན་པའི་བོད་རིགས་རྣམས་གདན་ཞུ་བྱས་ཏེ་ལྷན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་རིག་རྩལ་དགོང་ཚོགས་ལ་རོལ་མྱོང་བྱས་པ་རེད།