ཀླུ་འབུམ་བྱམས། མཚོ་སྔོན་གསར་འགྱུར་དྲ་བ། 2012-04-05
ཟླ་བཞི་བའི་ཚེས་གཉིན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ཡུལ་དངོས་བཀོད་འདོམས་པུའུ་ཡི་ཟླ་རེའི་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། ཚོགས་ཐོག་ནས་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་པ་དང་། བསྐྱར་སྐྲུན་བྱ་བའི་དམིགས་ཡུལ་དང་བྱ་བ་གཙོ་བོ། བྱ་བའི་རེ་བ་བཅས་བཀོད་སྒྲིག་ཞིབ་མོ་བྱས། ཞིང་ཆེན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ཡུལ་དངོས་བཀོད་འདོམས་པུའུ་ཡི་རེ་བ་ལྟར། ཟླ་བཞི་བའི་ཚེས་བཅུ་བཞིའི་ཉིན་གྱི་སྔ་གཞུག་ཏུ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ལས་གཞི་སྐོར་ཞིག་ལས་མགོ་རྩོམ་རྒྱུ་དང་། ཟླ་བཞི་བའི་ཟླ་མཇུག་གི་སྔོན་ལ་བསྐྲུན་བཞིན་པ་དང་གསར་དུ་བསྐྲུན་པའི་ལས་གཞི་ཡོད་ཚད་ལས་མགོ་རྩོམ་རྒྱུ་རེད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།
ཞིང་ཆེན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་ཡུལ་དངོས་བཀོད་འདོམས་པུའུ་ཡི་རེ་བ་ལྟར། ཟླ་བཞི་བར་རོགས་སྐྲུན་ལས་ཁུངས་དང་རོགས་སྐྲུན་ས་ཁུལ། ཨར་ལས་ཁེ་ལས་ཁག་གིས་བཟོ་སྐྲུན་རྒྱུ་ཆ་ཉོ་བསྡུ་དང་སྐྱེལ་འདྲེན། གློག་ཤུགས་མཁོ་འདོན། སྒྲིག་ཆས་འདྲེན་པ། དངོས་རྫས་མཁོ་འདོན། མི་སྣ་བསྡུ་སྒྲིག མཁོ་སྒྲུབ་འགན་སྲུང་སོགས་ཀྱི་སྒྲིག་ཆས་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དང་། འབྲེལ་ཡོད་ལས་བྱེད་ཚན་ཁང་དང་ཡུས་ཧྲུའུ་རྫོང་སྲིད་གཞུང་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ཏེ། ས་བསྡུ་གཞིས་སྤོར་དང་མ་དངུལ་ཞིབ་རྩིས། ལས་མགོ་རྩོམ་པར་གྲ་སྒྲིག་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ནས། བསྐྲུན་བཞིན་པ་དང་གསར་དུ་བསྐྲུན་པའི་ལས་གཞི་ཚང་མ་ཟླ་བཞི་བའི་སྔོན་ལ་ཡོངས་སུ་ལས་མགོ་རྩོམ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
ཀྲང་ཀོང་རུང་གིས་ལོ་སྔོན་མ་གཉིས་ཀྱི་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་བྱ་བའི་ཁྲོད་དུ་ང་ཚོས་རིན་ཐང་བྲལ་བའི་ཉམས་མྱོང་བསགས་པ་དང་རྨང་གཞི་བརྟན་པོ་བཏིངས། ད་ལོ་ནི་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་སྐྲུན་གྱི་མཐར་མཇུག་གི་ལོ་ཡིན་པས། ཞིང་ཆེན་བཀོད་འདོམས་པུའུ་ཡིས་དོན་དེ་གཙིགས་འཛིན་བྱས་ཏེ། བསྐྱར་སྐྲུན་གྱི་དམིགས་ཡུལ་སྣ་ཚོགས་ངེས་པ་དོན་གྱིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་བསྟན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10