ཝུན་ཅ་པའོ་ཡིས་ཀོང་ཞིས་དང་ཧྥུ་ཅན་དུ་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་མཛད་པ།

ཚེ་དབང་རྣམ་རྒྱལ།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-04-05

ཟླ་༤པའི་ཚེས་༣ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ།  རྒྱལ་སྲིད་སྤྱི་ཁྱང་ཁང་གི་ཙུང་ལིས་ཝུན་ཅ་པའོ་ཡིས་ཀོང་ཞིས་ཆིན་ཀྲིག་དང་ཧྥུ་ཅན་ཆོན་ཀྲིག་དང་ཕུའུ་ཐེན། ཧྥུ་ཀྲིག་སོགས་ས་ཁུལ་ནས་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་མཛད་པ་མ་ཟད། ཧྥུ་ཀྲིག་ནས་ཧྥུ་ཅན་དང་ཧྲང་ཧེ། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་གནས་བབ་བཞུགས་མོལ་ཚོགས་འདུ་བསྡུས།
ཝུན་ཅ་པའོ་ཡིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྤྱི་ནས་བཟང་ལ་དཔལ་འབྱོར་དམིགས་ཚད་གཙོ་བོ་ཁ་ཤས་ཅུང་མར་བབས་མོད་ཀྱང་སྔར་བཞིན་ལུགས་མཐུན་གྱི་ཆུ་ཚད་དུ་གནས་ཡོད་ལ། རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་མུ་མཐུད་ནས་སྤྱི་ཁོག་ཚོད་འཛིན་གྱི་སྔོན་རྩིས་ཕྱོགས་སུ་འཕེལ་བཞིན་ཡོད་པས། དཔལ་འབྱོར་བྱ་བ་ལེགས་སྒྲུབ་བྱེད་པའི་ཡིད་ཆེས་བརྟན་པོས་གནས་ཚུལ་གསར་བ་དང་གནད་དོན་གསར་བར་དོ་སྣང་བྱས་ཏེ་བབ་བསྟུན་དང་གཟབ་ནན་གྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས་དུས་འཚམ་དང་ཚད་འཚམ་པས་སྔོན་དཔག་ལེགས་སྒྲིག་བྱས་ནས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་མངོན་དུ་འགྱུར་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།
ཚེས་༡ཉིན་གྱི་ཕྱི་དྲོ། ཝུན་ཅ་པའོ་ཀྲུང་གོ་རྡོ་སྣུམ་ཀོང་ཞིས་རྡོ་སྣུམ་རྗས་འགྱུར་ཀུང་ཟིར་ཕེབས་ནས་གྲུ་ཁ་དང་དངོས་ཟོང་སྐྱེལ་འདྲེན་ཁེ་ལས་ཁ་ཤས་ཀྱི་འགན་འཁུར་བ་དང་བཞུགས་མོལ་མཛད་དེ་དངོས་ཟོང་སྐྱེལ་འདྲེན་ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་རྒྱུས་ལོན་མཛད།
ཁེ་ལས་འགན་འཁུར་བའི་གཏན་བཤད་ལ་ཉན་རྗེས་ཝུན་ཅ་པའོ་ཡིས་གསུང་དོན། ཁྱེད་ཚོས་ཡར་ཞུ་བྱས་པའི་གནས་ཚུལ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ཁ་ཤས་མཐོང་ཐུབ་སྟེ། དང་པོ། ཕྱི་ཕྱོགས་དགོས་མཁོ་མར་བབས་ལ་མངགས་ཉོ་བྱེད་མཁན་ཇེ་ཉུང་དུ་སོང་ཡོད། གཉིས་པ། ཤར་ཕྱོགས་མནའ་འབྲེལ་བར་གྱི་ཉོ་ཚོང་དང་དངོས་ཟོང་སྐྱེལ་འདྲེན་བྱས་ཚད་ཕལ་ཆེར་གཏན་འཇགས་ཡིན་ལ། ཡོ་རོབ་གླིང་དང་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་གཏན་འཇགས་མིན་པ་དང་ཡང་ན་མར་འབབ་དུས་སྣ་མང་གི་ཚོང་ར་བརྟོལ་དགོས། གསུམ་པ། རྒྱལ་ནང་གི་དངོས་རྫས་ཆེན་པོའི་རིགས་ཀྱི་སྐྱེལ་འདྲེན་བྱས་ཚད་མར་བབས་ལ་། འདི་ནི་རྨང་གཞི་འཛུགས་སྐྲུན་མྱུར་ཚད་ཇེ་དལ་དུ་སོང་བ་དང་འབྲེལ་བ་ཡོད། ཧྥུ་ཅན་ཆོན་ཀྲིག་གི་དམངས་གཉེར་དཔལ་འབྱོར་དར་རྒྱས་ཤིན་ཏུ་ཆེ་ཟེར།   ཚེས་༢ཉིན་གྱི་སྔ་དྲོ། ཝུན་ཅ་པའོ་ཡིས་སྔ་གཞུག་ཏུ་ཆོན་ཀྲིག་ཆི་ཕའེ་ལང་ལུས་རྩལ་ཐོན་རྫས་ཀུང་ཟི་སོགས་ལ་གཟིགས་ཞིབ་མཛད། ཁེ་ལས་ཀྱི་འགན་འཁུར་བས་ཕྱིར་བཙོང་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བའི་རེ་བ་བཏོན། དེ་མིན་ཁེ་ལས་པ་ཚོས་མ་དངུལ་བསྲེ་དཀའ་བ་དང་དེའི་མ་རྩ་མཐོ་བ་ཡིས་ཆོན་ཀྲིག་གི་ཁེ་ལས་ཆུང་འབྲིང་ལ་དཀའ་ཁག་བཟོས་ཡོད་པའི་གནས་ཚུལ་ཡར་ཞུ་ཞུས།
ཝུན་ཆ་པའོ་ཡིས་གསུང་དོན། དེང་སྐབས་ནང་མཁོ་མི་འདང་བ་དང་ཕྱིར་བཙོང་མ་རྩ་ཇེ་མཐོར་སོང་བས་ཁེ་ལས་ཀྱི་བདག་གཉེར་ལ་དཀའ་ཁག་ཆེ་བས་ང་ཚོས་ངེས་པར་དུ་ནན་ཏན་སྒོས་ཁ་གཏད་དགོས། དང་པོ། དངུལ་རྩའི་ལུགས་མཐུན་གྱི་འཁོར་སྐྱོད་རང་བཞིན་དང་མ་དངུལ་བསྲེ་བའི་གཞི་ཁྱོན་སྲུང་འཛིན་བྱེད་དགོས། གཉིས་པ། ཕྱིར་བཙོང་སྲིད་ཇུས་གཏན་འཇགས་ཡིན་དགོས། གསུམ་པ ། ཁེ་ལས་ཀྱི་ཧུར་ཐག་སྒོས་ཚོང་ར་གསར་སྤེལ་བྱེད་དགོས། བཞི་པ། ནང་འདྲེན་ཧུར་ཐག་གིས་རྒྱ་བསྐྱེད་དེ་ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ང་ཚོས་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་པ་ནི་འགྱུར་རྒྱུ་མེད་ལ། ད་རུང་གྲུབ་སྟངས་རང་བཞིན་གྱི་དཔྱ་འཁྲལ་ཇེ་ཉུང་གཏོང་བར་ཤུགས་ཚད་སྔར་བས་ཇེ་ཆེར་བཏང་ནས་ཁེ་ལས་ཆུང་འབྲིང་ལ་སྔར་ལས་མང་བའི་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།
ཁེ་ལས་ཀྱི་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་མཛད་ཆེད། ཚེས་༢ཉིན་གྱི་ཕྱི་དྲོ། ཝུན་ཆ་པའོ་ཧྥུའུ་ཡོ་ཤེལ་སྒོ་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་ཟི་ཕེབས་ནས་རྡོ་སྣུམ་རྫས་འགྱུར་དང་འཕྲུལ་ཆས། གློག་རྡུལ། འཁེལ་འཐག ཤེལ་སྒོ་སོགས་ལས་རིགས་ཀྱི་ཁེ་ལས་འགན་འཁུར་བ་དང་བཞུགས་མོལ་མཛད། ཝུན་ཅ་པའོ་ཡིས་གསུང་དོན། དངུལ་གཏོང་དགོས་མཁོ་ནི་ནང་མཁོ་ཡི་ཕྱོགས་གཙོ་བོ་ཞིག་ཡིན། དེང་སྐབས་སྔོན་དཔག་ལེགས་སྒྲིག་གི་གཙོ་གནད་ཞིག་ནི་འཛུགས་སྐྲུན་བྱེད་བཞིན་པ་དང་མུ་མཐུད་ནས་འཛུགས་སྐྲུན་བྱེད་དགོས་པའི་ལས་གཞིའི་མ་དངུལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཟེར།
ཚེས་༣ཉིན་གྱི་སྔ་དྲོ། ཝུན་ཅ་པའོ་ཡིས་ཧྥུའུ་ཀྲིག་ནས་ཧྥུ་ཅན་དང་ཧྲང་ཧེ། ཅང་སུའུ། ཀྲེ་ཅང་བཅས་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་གནས་བབ་བཞུགས་མོལ་ཚོགས་འདུ་བསྡུས།
ཧྥུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་སུའུ་ཧྲུའུ་ལིན་དང་ཧྲང་ཧེ་གྲོང་ཁྱེར་གྱི་མགོ་གཙོ་ཧན་ཀྲིན། ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ལིས་ཞོ་ཡུང་།ཀྲེ་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ཞ་པའོ་ལུང་བཅས་ཀྱིས་སྔ་གཞུག་ཏུ་གཏན་བཤད་ནས་བསྟན་དོན། དེང་སྐབས་ཀྱི་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོས་གོང་དུ་འཕེལ་བའི་རྨང་གཞི་བརྟན་པོ་ཡིན་མོད། ཡིན་ཡང་དཔལ་འབྱོར་འཁོར་སྐྱོད་ཁྲོད་ལས་རིགས་དང་ཁེ་ལས་སྐོར་ཞིག་གི་ཕན་འབྲས་ཇེ་དམར་སོང་ལ་ཕྱི་ཕྱོགས་ཉོ་ཚོང་འཕར་ཚད་ཇེ་དལ་སོང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཟེར།
ཝུན་ཅ་པའོ་ཡིས་བཞུགས་མོལ་ཁྲོད་གསུང་དོན། ད་ལྟ་འཛམ་གླིང་གི་དཔལ་འབྱོར་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས་ང་ཚོས་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ཏེ་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོས་གོང་དུ་འཕེལ་བ་སྲུང་འཛིན་བྱེད་པ་དང་གྲུབ་སྟངས་ལེགས་སྒྲིག་དང་ཤོག་སྒོར་ཚད་འགྲེམས་དོ་དམ་བྱེད་པ་གསུམ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོས་གོང་དུ་འཕེལ་བ་ནི་རྨང་གཞི་ཡིན་ལ། གྲུབ་སྟངས་ལེགས་སྒྲིག་བྱེད་པ་ནི་གནད་འགག་ཡིན་ཞིང་དངོས་གོང་གཏན་འཇགས་བྱེད་པ་ནི་འགན་སྲུང་ཡིན། དང་པོ། སྤྱི་ཁོག་ཚོད་འཛིན་ལ་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་དགོས། གཉིས་པ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་བར་ཕན་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ་ཞིང་ལས་ཐད་ཡང་བསྐྱར་ལོ་ལེགས་འབྱུང་བ་བརྩོན་ལེན་བྱེད་དགོས། གསུམ་པ། ཕྱི་ཕྱོགས་ཉོ་ཚོང་གཏན་འཇགས་ངང་གོང་དུ་འཕེལ་བ་ཧུར་ཐག་གིས་སྲུང་འཛིན་བྱེད་དགོས། བཞི་པ། ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བར་ཤུགས་ཆེན་པོས་ཡར་སྐུལ་བྱེད་དགོས། ལྔ་པ། ས་ཁོངས་བདག་ཁུངས་ཚོང་རའི་ཚོད་འཛིན་སྲིད་ཇུས་འགྱུར་བ་མེད་པར་མུ་མཐུད་ནས་ལག་བསྟར་བྱེད་དགོས་ཞེས་བསྟན།
གཟིགས་ཞིབ་མཛད་སྐབས། ཝུན་ཅ་པའོ་ཡིས་ད་རུང་ཚེས་༡་ཉིན་གྱི་དགོང་མོ་དང་ཚེས་༢་ཉིན་གྱི་དགོང་མོར་སྔ་གཞུག་ཏུ་ཀོང་ཞིས་རང་སྐྱོང་ལྗོངས་ཏང་ཨུ་དང་ལྗོངས་སྲིད་གཞུང་། ཧྥུ་ཅན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ་མ་ཟད། ཞིང་ལྗོངས་གཉིས་ཀྱི་བྱ་བར་བླང་བྱ་བཏོན།

  • ལེ་ཚན་སྔོན་མ།:ལི་ཁི་ཆིང་གིས་ཧེ་ནན་ཏུ་བྱ་བར་རྟོག་ཞིབ་མཛད།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཡུས་ཧྲུའུ་གནོད་འཚེ་རྗེས་ཀྱི་བསྐྱར་བསྐྲུན་ལས་གཞི་གསར་བ་ཟླ་བཞི་བའི་ནང་དུ་ཕྱོགས་ཡོངས་ནས་ལས་མགོ
  • དོ་སྣང་ཆེ་བའི་རྩོམ།