ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུའི་འགྲན་བསྡུར་ལ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་བཀོད་དེ2012ལོའི་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་སྡུར་འཆར་འགོད་ནང་ཚུད་པ་མ་ཟད། གཙོ་སྒྲུབ་ལས་ཁུངས་ནི་ཀྲུང་གོའི་མདའ་རྩེད་མཐུན་ཚོགས་དང་འགན་སྒྲུབ་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཡིན་པར་གཏན་འཁེལ་བྱས། འདིས“གཅན་ཚའི་མདའ་རྩེད”ཞེས་པའི་ལུས་རྩལ་འགྲན་བསྡུར་དེ་རྒྱལ་ཁབ་རིམ་པས་གཙོ་སྒྲུབ་དང་ཞིང་ཆེན་རིམ་པས་འགན་སྒྲུབ་བྱེད་པའི་རྒྱལ་སྤྱིའི་རྩལ་འགྲན་ཞིག་དང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡིས་རང་སྟོབས་ཀྱིས་འཕེལ་རྒྱས་སུ་བཏང་བའི་མཚོན་བྱེད་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་ཞིག་ཏུ་གྱུར་པ་མཚོན།
2012ལོའི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་དང་མདའ་སྟོན་རིག་གནས་དུས་ཆེན་གཉིས་ད་ལོའི་ཟླ9བར་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་སྤེལ་རྒྱུའི་འཆར་གཞི་ཡོད་ཅིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལྟ2012ལོའི“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། འགྲན་བསྡུར་གྱི་བྱ་འགུལ་ཕུན་སུམ་ཚོགས་ཇེ་ཚོགས་སུ་གཏོང་ཆེད། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་མདའ་སྟོན་དགྱེས་སྤྲོ་དང་། ལ་གཞས། མི་རིགས་རྒྱན་གོས་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།