རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། རྔ་བ་ཁུལ་སྲིད་གཞུང་དྲ་བ། 2012-03-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཐོན་ཁུངས་དང་ནུས་པ་གཅིག་བསྡུས་བྱས་ཏེ། ཁུལ་ཡོངས་ནས་འོས་འགན་ནད་བརྟག་སྨན་བཅོས་འཁོར་སྐྱོད་བྱ་འགུལ་སྤེལ་བས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། ཞབས་ཞུ་ལ་ཕན་འབྲས་ལེགས་པོ་བླངས། རྔ་བ་ཁུལ་གྱིས་མི105ལས་གྲུབ་པའི་སྨན་བཅོས་རུ་ཁག17རྩ་འཛུགས་བྱས་ཏེ། རིན་ཐང་སྒོར་ཁྲི100ཡི་སྨན་རྫས་དང་ནད་བརྟག་སྒྲིག་ཆས་སྣ་ཚོགས་འཁྱེར་ནས་རྔ་བ་དང་འཛམ་ཐང་རྫོང་གཉིས་ཀྱི་ཤང་གྲོང་སོ་སོར་བསྐྱོད་དེ། འབྲོག་པ་མང་ཚོགས་ལ་སྲིད་ཇུས་དྲིལ་སྒྲོག་དང་འོས་འགན་འདྲི་རྟོག བདེ་ཐང་སློབ་གསོ། རིན་མེད་སྒོས་ནད་བརྟག་སྨན་བཅོས་དང་སྨན་རྫས་སྟེར་བ་སོགས་ཀྱི་འོས་འགན་ནད་བརྟག་སྨན་བཅོས་འཁོར་སྐྱོད་བྱ་འགུལ་སྤེལ་ལ། ཧུར་བརྩོན་གྱིས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་འགོས་ནད་སྣ་ཚོགས་དང་ནད་རྙིང་སྣ་ཚོགས། ས་གནས་ནད་རིགས་སེལ་ནས་རོང་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དང་བདེ་ཐང་འདུ་ཤེས་མཐོར་འདེགས་སུ་བཏང་། མིག་སྔའི་བར་དུ། རྔ་བ་ཁུལ་གྱིས་རིན་མེད་སྒོས་མི་ཐེངས16012ལ་ནད་བརྟག་སྨན་བཅོས་བྱས་པ་དང་རིན་ཐང་སྒོར་ཁྲི40.98ཡོད་པའི་སྨན་རྫས་བྱིན་ལ། དུས་མཚུངས་སུ་ནད་པ་མི78ལ་ཞག་སྡོད་སྨན་བཅོས་ནད་པ་མི163སྨན་ཁང་གཞན་པར་བསྐྱལ། རིན་མེད་སྒོས་མི་ཐེངས5080ལ་བདེ་ཐང་བརྟག་བཤེར་བྱས། སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ཐད་མི་ཐེངས1151ལ་ས་གནས་ནད་རིགས་བརྟག་བཤེར་བྱས་པ་དང་། མི་ཐེངས59ལ་བུད་མེད་སྦྲུམ་མའི་བདེ་ཐང་བརྟག་བཤེར་བྱས་ཤིང་། བྱིས་པ789ལ་ལུས་ཕུང་ཞིབ་བཤེར་བྱས། བདེ་ཐང་སློབ་གསོ་དང་འོས་འགན་འདྲི་རྟོག་བྱས་པ་མི་ཐེངས14218ལ་སླེབས་ཤིང་། དྲིལ་སྒྲོག་ཡིག་ཆ72363བཀྲམས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10