ཚོགས་ཆེན་གཉིས་ཀྱི་འཐུས་མིས་འཛམ་གླིང་ཐོག་ཆེས་རིང་བའི་ལོ་རྒྱུས་སྙན་ངག་《གླིང་གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ཞིག་འཛུགས་དགོས་པའི་གྲོས་གཞི་བཏོན།
(མིག་དམར་གྱིས་བསྒྱུར།) 2012-03-19
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས13ཉིན་འབྱོར་བའི་གཏམ་གསར།
ལོ་ངོ་སྟོང་ཕྲག་གི་རིང་ནས། བོད་རིགས་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་བའི་དཔའ་བོའི་མི་སྣ་གླིང་གེ་སར་ལ་བསྟོད་པ་མང་པོ་ཡོད་ལ། མཐར་ཐུག་ཕྱོགས་སྡོམ་བྱས་ནས་འཛམ་གླིང་ཐོག་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་ངག་《གླིང་གེ་སར》ཡང་ན《གླིང་རྗེ་གེ་སར་རྒྱལ་པོ》ཆགས་པ་རེད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ནོར་བདེས་《གླིང་གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ཞིག་འཛུགས་དགོས་པའི་གྲོས་གཞི་བཏོན་པ་རེད།
ནོར་བདེས་གསར་འགོད་པར་བཤད་རྒྱུར། 2006ལོར《གླིང་གེ་སར》དེ་རྒྱལ་ཁབ་ཀྱི་ཐེངས་དང་པོའི་དངོས་མིན་རིག་གནས་ཤུལ་བཞག་གི་ཁོངས་སུ་བཞག་པ་རེད། 《གླིང་གེ་སར》གྱིས་བོད་རིགས་མི་དམངས་ཀྱི་བྱམས་སེམས་རྟུལ་ཕོད་དང་དཀའ་ངལ་ལ་མི་འཇིགས་པ། སྐྱེ་ཁམས་ལ་སྲུང་སྐྱོང་། མཐུན་སྒྲིལ་བརྩོན་ལེན་བཅས་ཀྱི་རླབས་ཆེ་བའི་སྙིང་སྟོབས་མཚོན་གྱི་ཡོད་པ་མ་ཚད། ལོ་རྒྱུས་དང་རིག་གནས། དམག་དོན། གསོ་རིག ཆོས་ལུགས་སོགས་འདུས་པའི་བོད་རིགས་ཀྱི་རིག་གནས་ཀུན་བཏུས་ཀྱི་དཔེ་དེབ་ཅིག་ཀྱང་ཡིན། ནོར་བདེས་བཤད་རྒྱུར། ཁྱད་པར་དུ《གླིང་གེ་སར》རིག་གནས་ཀྱིས་བོད་རིགས་མི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་སྲུང་སྐྱོང་བྱས་པ། རང་བྱུང་ཁམས་དང་བསྟུན་པ ་བཅས་ཀྱི་ཐོག་ནས་རང་ཉིད་བསྒྱུར་བཅོས་བྱེད་པའི་སྐྱེ་ཁམས་ཀྱི་འདུ་ཤེས་གང་ལེགས་མཚོན་པས་རྒྱུན་འཛིན་དང་དར་སྤེལ་གཏོང་རིན་ལྡན་པ་ཞིག་རེད།
ནོར་བདེས《གླིང་གེ་སར》རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་འཛུགས་པ་བརྒྱུད་ནས《གླིང་གེ་སར》རིག་གནས་སྲུང་སྐྱོང་གི་ཐབས་ལམ་གསར་པ་ཞིག་འབྱེད་ཡོད། དེའང་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་རང་བྱུང་སྐྱེ་ཁམས་འཛུགས་སྐྲུན་ལ་རིག་གནས་ཀྱི་འདེགས་སྐྱོར་འདོན་པ་རེད། 《གླིང་གེ་སར》རིག་གནས་སྲུང་སྐྱོང་གི་འཆར་གཞི་ལག་བསྟར་བྱས་པ་དང་མཉམ་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དང་སྔར་ལྷག་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། དཔལ་ཡོན་ཡར་ཐོན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།