དཔྱིད་རླབས་འཕྱུར་ནས་རྣམ་པ་གསར་པར་གྱུར།
ཤིན་ཧྭ་དྲྭ་བ་བོད་ཡིག་འཕྲིན་ལམ་ནས། 2012-03-19
ལྷ་ས་གྲོང་ཁྱེར་དཔྱིད་རྨོད་དཔྱིད་འདེབས་བྱེད་པའི་མཐོང་ཐོས།
ཟླ་བ2པའི་ཚེས26ཉིན་ལྷུན་གྲུབ་རྫོང་གི་ཞིང་ཟོག་ཚོང་ཁང་འགའ་ཞིག་གསར་འགོད་པས་འགྱིག་ཤོག་སྲབ་མོ་དང་།ཞིང་སྨན།རྫས་ལུད་སོགས་ཞིང་སྤྱོད་དངོས་རྫས་དང་ལོ་ཏོག་གི་ས་བོན་གང་དགོས་དེ་ཡོད་པ་མཐོང་བྱུང་།བོད་ཀྱི་ལོ་གསར་ཡིན་ཡང་ཞིང་སྤྱོད་དངོས་རྫས་དང་ས་བོན་ཉོ་བར་ཡོང་མཁན་ཞིང་འབྲོག་པ་རྫོགས་མཐའ་མེད་པ་ཞིག་ཡོད་པ་དང་“དཔྱིད་རྨོད་དཔྱིད་འདེབས་མི་འགྱང་བ་བྱ་ཕྱིར་ཞིང་སྤྱོད་དངོས་རྫས་སྔ་ས་ནས་གྲ་སྒྲིག་བྱས་ན་དགའ”ཞེས་དཔལ་འབྱོར་གླིང་ཤང་གི་གྲོང་མི་ལྷག་པས་བཤད།
བསྟུད་མར་ཉིན་ཤས་རིང་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ཤིང་ཚང་གྲོང་ཚོ་དང་པད་ནག་གྲོང་ཚོ་ནས་ཡོང་བའི་གྲོང་མི་ཚོ་ཆུ་ཡུར་དང་ཆུ་རྫིང་ཉམས་གསོ་དང་གཙང་བཤེར་བྱེད་པར་བྲེལ་བཞིན་ཡོད།སྟག་རྩེ་རྫོང་མཁར་གྱི་གང་ས་གང་དུ་ས་བོན་དང་ཞིང་འཕྲུལ་ཉོ་སྒྲུབ་དང་དྲོད་ཁང་ཆེ་མོའི་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་བྲེལ་བཞིན་པའི་ཞིང་འབྲོག་པ་དེ་དག་ལས“ལས་བརྩོན་ཆེན་པོས་དཔྱིད་གསར་བསུ།དཔྱིད་རྨོད་དཔྱིད་འདེབས་བྲལེ་འཚུབ་ཆེ”ཞེས་ པའི་མཛེས་སྡུག་ལྡན་པའི་རྣམ་པཞིག་མཚོན་ཡོད་པ་རེད།
དུས་ཚོད་དེའི་རིང་སྟག་རྩེ་རྫོང་ཤིང་ཚང་གྲོང་ཚོའི་ཞིང་པའི་དཔེ་དེབ་ཁང་གི་དོ་དམ་པ་སྐལ་བཟང་ཕུན་ཚོགས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ཞིང་པའི་དཔེ་དེབ་ཁང་དུ་སླེབས་ཀྱི་ཡོད།དེ་ནི་ཞིང་པའི་དཔེ་དེབ་ཁང་དུ་འདེབས་འཛུགས་དང་གསོ་སྤེལ་ལག་རྩལ་སྐོར་གྱི་དེབ་ལྟ་བར་ཡོང་མཁན་མང་ཚོགས་ཇེ་མང་དུ་འགྲོ་བས་རེད།གཞི་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་40ལྷག་ཙམ་ཡོད་པའི་ཞིང་པའི་དཔེ་དེབ་ཁང་གི་དཀྱིལ་དུ་བསྒྲིགས་པའི་སྒྲོག་ཙེ་སྟར་པ་གསུམ་གྱི་མདུན་དང་རྐུབ་བཀྱགས་ཀྱི་སྟེང་དུ་དེབ་ལྟ་མཁན་གྲོང་མིས་ཁེངས།གྲོང་མི་བསྟན་འཛིན་གྱིས་ཀྲོ་མ་ཀྲུ་འདེབས་འཛུགས་དང་གཡོག་བྱེད་ལག་རྩལ་གྱི་དཔྱད་ཡིག་བལྟ་བཞིན་ཡོད་པ་དང་ཁོང་གིས་“ཞིང་པའི་དཔེ་དེབ་ཁང་དུ་འདེབས་འཛུགས་ལག་རྩལ་གྱི་དཔྱད་ཡིག་བལྟ་རྒྱུ་ཡོད་པ་མ་ཟད།
འདེབས་འཛུགས་བྱེད་སྐབས་འཕྲད་པའི་དཀའ་གནད་ཡང་ཐག་གཅོད་བྱེད་ཐུབ།དེ་རིང་རང་ཉིད་ཆེད་མངགས་ཀྲོ་མ་ཀྲུའི་ནད་དང་འབུའི་གནོད་པ་འགོག་བཅོས་བྱེད་ཐབས་ལྟ་བར་ཡོང་བ་ཡིན”ཞེས་བཤད།
ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་ལ་རྒྱབ་སྐྱོར་དང་ཞིང་པར་ཁེ་ཕན་སྐྲུན་པའི་སྲིད་ཇུས་རབ་དང་རིམ་པའི་དོན་འཁྱོལ་བྱུང་བས་འབྲུ་རིགས་དང་སྔོ་ཚལ་འདེབས་པའི་ཞིང་འབྲོག་མང་ཚོགས་ཧུར་བརྩོན་རང་བཞིན་སྔར་བྱུང་མྱོང་མེད་པ་ཞིག་འཕེལ་ལ་རྒྱ་ཆེའི་འདེབས་འཛུགས་དུད་ཚང་ཡང་བློ་བདེ་པོ་བྱུང་ཡོད་པ་རེད།
ཉེ་ཆར་ཤང་དང་།གྲོང་རྡལ།གྲོང་ཚོ།ཚོགས་ཆུང་བཅས་ཁག་ནས་གསོ་སྦྱོང་སྣ་ཚོགས་ནང་ཞུགས་པར་ཡོང་མཁན་ཞིང་འབྲོག་པ་ཧ་ཅང་མང་ལ་ཚན་རྩལ་གྱི་ཤེས་བྱ་སློབ་སྦྱོང་བྱ་རྒྱུའི་ཁོང་ཚོའི་རེ་བའང་སྔར་བས་ཆེ་རུ་ཕྱིན་ཡོད།ཁོང་ཚོས་ཚན་རྩལ་གྱི་ཆ་འཕྲིན་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་ཞིང་འཕྲུལ་གསར་པ་སྤྱད་ནས་ཞིང་ལས་བྱེད་པའི་རང་འགུལ་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད།ད་ལོའི་གནམ་གཤིས་ལ་གཞིགས་ན།སྔོན་དཔག་བྱས་ན་རྫོང་དེ་ཡོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀ་ནི་ཟླ་བ་བཞི་པའི་ཟླ་སྟོད་ནས་དངོས་སུ་འགོ་ཚུགས་རྒྱུ་དང་ཟླ་བ་ལྔ་པའི་ཟླ་དཀྱིལ་དུ་མཇུག་འགྲིལ་རྒྱུ་རེད།ཅེས་ལྷུན་གྲུབ་རྫོང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཡོན་ཏན་གྱིས་བཤད།ཁོང་གིས་ད་ཆ་ལྷུན་གྲུབ་རྫོང་གི་ཞིང་འབྲོག་པས་དཔྱིད་རྨོད་དཔྱིད་འདེབས་བྱེད་སྐབས་དེ་སྔོན་གྱི་སྲོལ་རྒྱུན་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་ཕྱུར་འགྱུར་ཡོང་བ་བྱེད་པའི་བསམ་ཕྱོགས་གསར་པ་ཞིག་ཆགས་ཡོད།དེ་སྔོན་དྲོད་ཁང་ཆེན་མོར་སྔོ་ཚལ་འདེབས་འདོད་མེད་པའི་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་དེས་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཕན་ནུས་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་ཅེས་བཤད་པ་རེད།