སྒྲོལ་མ་སྐྱིད། ཞིན་ཧྭ་གསར་འགྱུར་དྲ་བ། 2012-03-16
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་གསུམ་ལ་སྤེལ་བའི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱིས་དུས་ཡུན་ཐུང་ཐུང་གི་ནང་འཛམ་གླིང་སྟེང་དམངས་ཡོངས་ཀྱི་སྨན་བཅོས་ཉེན་ཚབ་དྲ་རྒྱ་ཆེན་པོ་བསྐྲུན་ཏེ། གཞི་རྩའི་སྨན་བཅོས་ཉེན་ཚབ་དེ་ལོ་དྲུག་གི་སྔོན་གྱི་མི་དུང་ཕྱུར་གསུམ་ནས་ད་ལྟའི་མི་དུང་ཕྱུར་བཅུ་གསུམ་ལ་ཁེབས་པ་དང་། ཞིང་བ་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་ས་ཡ་གཉིས་ཕན་ཁེ་ཆེན་པོ་ཐོབ་པའི་མི་ཚོགས་སུ་གྱུར།
ཀྲུང་གོར་སྡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་ཚབ་པ་ལན་རོས་མེན་གྱིས་བཤད་རྒྱུར། “ཀྲུང་གོའི་མིག་སྔའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་དེ་མི་གྲངས་སྤྱིའི་བརྒྱ་ཆའི་གོ་ལྔར་བསླེབས། དེ་ནི་གྲུབ་འབྲས་ཆེན་པོ་ཞིག་རེད། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་མ་ལག་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་མོད། འོན་ཀྱང་ཀྲུང་གོའི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་འཕེལ་རིམ་དེ་རྒྱལ་ཁབ་ཚང་མ་ལས་བརྒལ་ཡོད”ཟེར།
2009ལོའི་ཟླ་བཞི་བའི་ཚེས་དྲུག་ཉིན། «ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར»ཁྱབ་བསྒྲགས་བྱས་ཏེ། སྨན་རྫས་བཅོས་སྒྱུར་གྱི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། གཞི་རྩའི་སྤྱི་ཁོག སྲིད་ཇུས་བྱེད་ཐབས་བཅས་གཏན་ཁེལ་གསལ་བོ་བྱས། ཟླ4བའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཉེ་བའི་དུས་སྐབས་ཀྱི་གནད་སའི་ལག་བསྟར་ཇུས་གཞི(2009ལོ་ནས2011ལོའི་བར)»ཁྱབ་བསྒྲགས་བྱས་ཏེ། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་གནད་ས་ལྔའི་ལས་འགན་གཏན་ལ་ཕབ།
དེའི་རྗེས་སུ་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གསར་བ་དེ་ཀྲུང་གོར་མགྱོགས་མྱུར་སྒོས་སྤེལ་མགོ་བརྩམས་ཤིང་། ད་ལྟ་ཞིང་སྡེའི་མི་གྲངས་དུང་ཕྱུར་དགུ་ཙམ་ལ་ཁ་ཕྱོགས་པའི་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་ཀྱིས་རོང་འབྲོག་ཁྱིམ་ཚང་སྔར་ལས་མང་པོ་ཞིག་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁྲོད་ཞུགས་པར་སྐུལ་འདེད་བཏང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུང་ཀྲི་ཀང་གིས་མཚམས་སྦྱོར་བྱས་དོན། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གསར་བ་མགོ་བརྩམས་པའི་ཚུན་ལ། གཞི་རྩའི་སྨན་བཅོས་འགན་སྲུང་གི་ཚད་ཆེས་ཆེར་འཕར་སྣོན་བྱུང་བ་དང་། སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པའི་མི་གྲངས་དུང་ཕྱུར་བཅུ་གསུམ་ལ་བསླེབས་ཏེ། ཁེབས་ཚད་བརྒྱ་ཆའི་གོ་ལྔ་ལས་བརྒལ། དེའི་ནང་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁྲོད་ཞུགས་པའི་ཞིང་བ་དུང་ཕྱུར་བརྒྱད་བྱེ་བ་གསུམ་ས་ཡ་གཉིས་ལས་བརྒལ་ཏེ། ཁེབས་ཚད་བརྒྱ་ཆའི་གོ་བདུན་ལས་བརྒལ་ཡོད། སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་ཚད་གཞི་དེ2009ལོའི་མི་རེར་ལོ་རེར་སྒོར་མོ་བརྒྱད་ཅུ་ནས2011ལོའི་སྒོར་མོ་ཉིས་བརྒྱར་ཇེ་མཐོར་བཏང་བ་དང་། སྲིད་ཇུས་ཁྱབ་ཁོངས་ནང་འདུས་པའི་རྩིས་ཞུའི་བསྡུར་ཚད་དེ་བརྒྱ་ཆའི་ལྔ་བཅུ་ནས་བརྒྱ་ཆའི་བདུན་ཅུ་ཡས་མས་སུ་ཇེ་མཐོར་བཏང་།
2009ལོར་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་མགོ་བརྩམས་པ་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་གཅིག་གིས་སྲིད་གཞུང་གིས་སྒྲུབ་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་གཞི་རྩའི་སྨན་རྫས་བཀོད་སྒྲིག་བྱེད་པ་མངོན་འགྱུར་བྱས་ཏེ། གཞི་རིམ་གྱི་གཞི་རྩའི་སྨན་རྫས་ཀྱི་རིན་གོང་ཆ་སྙོམས་ཀྱིས་བརྒྱ་ཆའི་སུམ་ཅུ་ཡས་མས་ཇེ་དམའ་རུ་སོང་བ་དང་། སྨན་རྫས་སྣ་ཁ་སུམ་བརྒྱ་དང་བདུན་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག་ཁྲོད་བཞག དུས་མཚུངས་སུ་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་ཚོད་ལྟ་དང་དེ་མིན་རྫོང་རིམ་པའི་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ།
ཀྲུང་གོའི་ཞིང་སྡེར་མི་གྲངས་མང་བ་ནི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་གི་ཞན་ཆ་ཞིག་ཡིན་ཞིང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་མི་འདང་བའི་གནད་དོན་ཧ་ཅང་འབུར་ཐོན་རེད། 2007ལོའི་སྡོམ་རྩིས་གཞི་གྲངས་ཤིག་ལས་མངོན་པ་ལྟར་ན། ཀྲུང་གོའི་བརྒྱ་ཆའི་བརྒྱད་ཅུ་ཡི་སྨན་བཅོས་ཐོན་ཁུངས་དེ་གྲོང་ཁྱེར་ཆེན་པོར་གཅིག་བསྡུས་བྱས་ཡོད་ལ། དེའི་ནང་གི་བརྒྱ་ཆའི་བརྒྱད་ཅུ་ཡང་སྨན་ཁང་ཆེན་པོར་གཅིག་བསྡུས་བྱས་ཡོད་པས། སྨན་བཅོས་ལས་ཁུངས་ཀྱི་ཐོན་ཁུངས་དཀོན་པ་དང་ལག་རྩལ་ཞན་པ། སྒྲིག་ཆས་རྙིང་བ་རེད།
ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། པེ་ཅིན་ཞེ་ཧི་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཙིན་ཡུས་ཞིན་གྱིས་བཤད་རྒྱུར། ཀྲུང་དབྱང་གིས་བཏོན་པའི“གཞི་རྩ་ཁག་ཐེག་དང་གཞི་རིམ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ནང་རྐྱེན་འཛུགས་པ”དེས་ཀྲུང་གོའི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་ནང་དོན་ཆེས་གཙོ་བོ་ཕྱོགས་སྡོམ་བྱས་བ་རེད་ཟེར།
དགའ་འོས་པ་ཞིག་ནི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གསར་བ་བརྟན་བརླིང་ངང་སྤེལ་བ་དང་བསྟུན་ནས། གཞི་རིམ་གྱི་སྨན་བཅོས་ཐད་ཀྱི་ཁག་ཁུར་ཇེ་ཡང་དུ་འགྲོ་མགོ་བརྩམས་ཤིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་མང་ཆེ་བའི་སྒོ་བསྟེན་གྱི་སྨན་བཅོས་ཐེངས་གྲངས་རེའི་ཆ་སྙོམས་འགྲོ་གྲོན་ཇེ་དམའ་དང་། ཉིན་རེའི་ཞག་སྡོད་ཀྱི་ཆ་སྙོམས་འགྲོ་གྲོན་ཇེ་དམའ་རུ་སོང་བ་དང་། སྒོ་བསྟེན་གྱི་མི་ཐེངས་ཇེ་མང་ཡིན་པའི་གནས་བབ་བཟང་བོ་བྱུང་།
མིག་སྔར། རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར། 2011ལོའི་ཞང་གྲོང་འཕྲོད་བསྟེན་ཁང་གི་མི་སྣའི་གྲངས་ཀ་དེ2005ལས་བརྒྱ་ཆའི་བཅོ་བརྒྱད་ལྷག་འཕར་བ་དང་། གཞི་རིམ་འཕྲོད་བསྟེན་གྱི་ནད་བརྟག་སྨན་བཅོས་མི་ཐེངས་དེ2005ལོ་ལས་བརྒྱ་ཆའི་ཞེ་ལྔ་ལྷག་འཕར། རྫོང་རིམ་པའི་སྨན་ཁང་སྟོང་གཉིས་ཉིས་བརྒྱ་ལྷག་དང་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྲི་གསུམ་སྟོང་གསུམ་ལྷག་བསྒྱུར་བཀོད་དང་འཐུས་ཚང་དུ་བཏང་བ་དང་། ཕྱོགས་བསྡུས་སྨན་པ་གཙོ་བོ་ཡིན་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དཔུང་སྡེ་སྐྱེད་སྲིང་བྱེད་པའི་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས།
2011ལོའི་ཟླ་དང་པོ་ནས་ཟླ་དགུ་བའི་བར། རྒྱལ་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་བརྟག་སྨན་བཅོས་ཀྱི་མི་ཐེངས་དེ་དུས་མཉམ་ལས་མི་ཐེངས་དུང་ཕྱུར་གསུམ་བྱེ་བ་གཅིག་འཕར་བ་དང་། འཕར་ཚད་དེ་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་གཉིས་རེད། དེར་བརྟེན། ཚིན་ཡུས་ཞིན་གྱིས་བཤད་རྒྱུར། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གསར་བའི་ཁྲོད་སྨན་བཅོས་ལས་ཁུངས་དང་ཁྱད་པར་དུ་གཞི་རིམ་གྱི་སྨན་ཁང་འབྲིང་ཆུང་གི་སྨན་བཅོས་མི་གྲངས་ཇེ་མང་དུ་སོང་ཏེ། སྨན་བཅོས་མི་སྣས་རང་ཉིད་ཀྱི་ཤེས་ཡོན་དང་ནུས་པ་འདོན་པར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱས་བ་རེད་ཟེར།
རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུང་རིན་སུང་ཀྲི་ཀང་གིས་བཤད་རྒྱུར། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་གོ་རིམ་དེ་ཕྱོགས་མང་པོའི་ཁེ་ཕན་ལ་རག་ལས་བ་རེད། རྙོག་འཛིང་ཆེ་བའི་ཁེ་ཕན་གནད་དོན་ཐག་གཅོད་པའི་གོ་རིམ་ཁྲོད། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་གོ་གནས་ཨང་དང་པོར་འཇོག་དགོས་པ་དེ་ནི་ཡང་དག་པའི་བྱེད་ཐབས་ཁོ་ན་ཤིག་རེད་ཟེར།
མ་འོངས་བར་ཀྲུང་གོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པ་དེ་དཀྱིལ་སྙིང་དུ་བཞག་ནས། དམངས་ཡོངས་ཀྱི་སྨན་བཅོས་ཉེན་ཚབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་རྫས་ལམ་ལུགས་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འཁོར་སྐྱོད་ནང་རྐྱེན་གསར་བ་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། ཧུར་ཐག་གིས་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་སོགས་ཕྱོགས་གསུམ་གྱི་ཐད་ཐོད་བརྒལ་ཆེན་པོ་མངོན་འགྱུར་བྱེད་རྒྱུ་རེད།
2015ལོའི་བར་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་དང་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་ཚད་གཞི་དེ་མི་རེར་ལོ་རེར་སྒོར་མོ་སུམ་བརྒྱ་དྲུག་ཅུ་ཡན་དུ་ཇེ་མཐོར་གཏོང་བ་དང་། གཞི་རྩའི་སྨན་བཅོས་ཉེན་ཚབ་རྣམ་གྲངས་གསུམ་གྱི་སྲིད་ཇུས་ཁྱབ་ཁོངས་སུ་འདུས་བའི་ཞག་སྡོད་གྲོན་དངུལ་གཏོང་སྤྲོད་ཀྱི་བསྡུར་ཚད་དེ་ཆ་སྙོམས་ཀྱིས་བརྒྱ་ཆའི་དོན་ལྔ་ཡས་མས་སུ་བསླེབས་པར་བྱེད་པ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ཕྱོགས་བསྡུས་སྨན་པ་འབུམ་གཅིག་ཁྲི་ལྔ་ཡན་སྐྱེད་སྲིང་བྱེད་པ། རྫོང་རིམ་པའི་གཞུང་གཉེར་སྨན་ཁང་གི་དུས་རིམ་རང་བཞིན་གྱི་བཅོས་སྒྱུར་དམིགས་འབེན་མངོན་འགྱུར་བྱེད་པ་དང་། གྲོང་ཁྱེར་གྱི་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་ཁྱོན་ཀུན་ནས་སྤེལ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10