བསམ་འཕེལ་ནོར་བུ། ཀྲུང་གོ་བོད་ཀྱི་དྲ་བ། 2012-08-10
མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གཙོ་ཧི་པའོ་ཡིས་ཤིས་ཚིག་འབུལ་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས6ཉིན། རང་རྒྱལ་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ཞིབ་འཇུག་གི་ལས་དོན་ལ་འབད་བཞིན་པའི་ན་གཞོན་ཞིབ་འཇུག་པ་དང་སློབ་མ་རྣམས་ལ་རིག་གཞུང་བགྲོ་གླེང་གི་གར་སྟེགས་ཤིག་སྐྲུན་ནས་རིགས་སོ་སོའི་མི་རིགས་བར་གྱི་སྐད་བརྡའི་ཞིབ་འཇུག་ཐད་ཀྱི་བརྗེ་རེ་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་རྒྱའི་སྐད་བརྡའི་སློབ་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་འགན་སྒྲུབ་མཛད་པའི“སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ན་གཞོན་ཞིབ་འཇུག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ”གནའ་མཁར་ཟི་ལིང་དུ་བསྡུས། ཚོགས་ཡུན་ཉིན3ཡིན།
ཀྲུང་གོ་རྒྱའི་སྐད་བརྡའི་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོའམ་ཧ་ཨེར་པེན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཧྲིན་གྱིས་ཆེད་སྒྲིག་གཏམ་བཤད་སྤེལ་བཞིན་པ།
ཀྲུང་གོ་རྒྱའི་སྐད་བརྡའི་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོའམ་ཧ་ཨེར་པེན་བཟོ་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཧྲིན་དང་། པེ་ཅིན་སློབ་གྲྭ་ཆེན་མོའི་རྩིས་རྒྱག་སྐད་བརྡ་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཝང་ཧི་ཧྥིན། ཀྲུང་གོ་ཚན་རིག་སློབ་གླིང་གི་ཞིབ་འཇུག་པ་ཀྲའོ་ཅོན་སོགས་རང་རྒྱལ་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་སྐོར་ལ་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་བླངས་ཡོད་པའི་ཆེད་ལས་མཁས་པ་དང་། ནང་སོག་སློབ་གྲྭ་ཆེན་མོ་ནང་སོག་རིག་པའི་སློབ་གླིང་། ནང་སོགས་དགེ་ཐོན་སློབ་ཆེན། ཞིན་ཅང་སློབ་གྲྭ་ཆེན་མོ། ཞིན་ཅང་དགེ་ཐོན་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་ཡོང་བའི་དགེ་སློབ་བསྡོམས་པས་མི60ཡས་མས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཞུགས།
ན་གཞོན་ཞིབ་འཇུག་པས་དཔྱད་རྩོམ་སྒྲོག་འདོན་བྱེད་བཞིན་པ།
གྲོས་ཚོགས་ཞབས་ཞུ་ཚན་ཆུང་གི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཚོགས་འདུས་རྩོམ་བསྡུའི་བརྡ་ཐོ་ཁྱབ་བསྒྲགས་བྱས་མ་ཐག་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ཞིབ་འཇུག་གི་ལས་དོན་ལ་འབད་བཞིན་པའི་ན་གཞོན་ཞིབ་འཇུག་པ་མང་བོས་དགའ་བསུ་ཆེན་པོ་ཐོབ་ལ། ད་ལྟའི་བར་དུ། བོད་དང་སོག་པོ། ཡུ་གུར་སོགས་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་སྐོར་གྱི་རྩོམ་ཡིག30ལྷག་འབྱོར། རྩོམ་ཡིག་གི་ནང་དོན་ཐད་ནས་འཕྲུལ་འཁོར་ལོ་ཙྰ་དང་། སྐད་བརྡའི་ཡིག་མཛོད་སྒྲིག་འཛུགས། ཡི་གེ་ནང་འཇུག སྒྲིག་ཨང་དབྱེ་འབྱེད། ཆ་འཕྲིན་འཚོལ་ལན། ཚིག་དབྱེ་ཞིབ། ཚིག་གྲུབ་སྦྱོར་སྟངས་དབྱེ་ཞིབ། ཚིག་དོན་དྲ་རྒྱ་སོགས་འདུས་ཡོད། བགྲོ་གླེང་ཚོགས་འདུའི་ཆེད་མཁས་པ་རྣམས་ཀྱིས་ཞིབ་དཔྱད་ནན་མོ་བྱས་མཐར། རྩོམ་ཡིག28ཚོགས་ཐོག་ཏུ་སྒྲོག་འདོན་བྱེད་རྒྱུ་གཏན་ཁེལ་བྱས། རྩོམ་ཡིག་འདི་དག་ལས་མིག་སྔར་རྒྱལ་ནང་གི་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ན་གཞོན་ཞིབ་འཇུག་པའི་ཞིབ་འཇུག་གི་ཆུ་ཚད་མཚོན་ཐུབ་ཟེར།
བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཐེངས་འདིའི་ཚོགས་འདུ་བསྡུས་པ་བརྒྱུད་དེ། རང་རྒྱལ་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ཞིབ་འཇུག་གི་ལས་དོན་ལ་མོས་པ་ཡོད་པའི་ན་གཞོན་ཞིབ་འཇུག་པ་དང་སློབ་མ་རྣམས་ལ་ཕན་ཚུན་བརྗེ་རེ་དང་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་སྐྲུན་ཡོད་པས། དེང་ཕྱིན་གྱི་ཞིབ་འཇུག་ལ་སྐུལ་སྤེལ་གྱི་ནུས་པ་འདོན་ཐུབ་པར་ཡིད་ཆེས་ཆེན་མོ་ལྡན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10