ཧྥི་ལི་ཕིན་ལ་ཆུ་ལོག་ཆེན་པོ་བརྒྱུགས།

མཚོ་སྔོན་བོད་སྐད་རླུང་འཕྲིན།        2012-08-10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་མཚོའི་རླུང་འཚུབ“སུའུ་ལ”དང་ཧའེ་ཁེ་ཞེས་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཉིན་འདི་འགའི་རིང་ལ་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་དང་དེའི་ཉེ་འཁོར་གྱི་ཞིང་ཆེན་དག་ལ་དྲག་ཆར་བབས་ནས་ཆུ་ལོག་དང་འདམ་ཟགས་བྱུང་དུ་བཅུག་ནས་མིག་སྔར་མ་མཐའ་ཡང་མི་རེ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་འབུམ་བརྒྱད་ཁྲི་ལྔ་ལྷག་ལ་གནོད་འཚེ་ཐེབས། དེ་ལས་གཞན་ད་དུང་མི་འབུམ་གཉིས་དང་ཁྲི་ལྔ་གནས་གཞན་ལ་སྤོར་དུ་བཅུག

ཧྥི་ལི་ཕིན་གནམ་གཤིས་སྡེ་ཁག་གི་སྤྱི་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཚེས་དྲུག་ཉིན་ནས་བདུན་བར་གྱི་ཆུ་ཚོད་ཉེར་བཞིའི་ནང་མ་ཉི་ལ་ས་ཁུལ་གྱི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་དེ་ཧོ་རྨིད་སུམ་བརྒྱ་ཉེར་གསུམ་དང་གྲངས་ཆུང་བཞི་ལ་སླེབས། ཧྥི་ལི་ཕིན་གནོད་འཚེ་འགོག་སེལ་སྡེ་ཁག་གི་འགན་ཁུར་བས་ཚེས་བདུན་ཉིན་བཤད་རྒྱུར། མ་ནི་ལའི་བརྒྱ་ཆའི་དྲུག་ཅུའི་ས་ཁུལ་ཆུས་བསྣུབས་ཡོད། དེ་དང་མཉམ་དུ་སྲིད་གཞུང་གིས་མགྱོགས་མྱུར་སྒོས་མ་ནི་ལ་མཐའ་སྐོར་གྱི་ཞིང་ཆེན་བཞི་བོ་ལ་གནོད་པ་ཐེབས་པ་ཚབས་ཆེ་བ་ཞེས་ཉེན་བརྡ་བཏང་།

ཐང་ཏུའུ་ཁུལ་ནི་མ་ནི་ལ་རུ་ཡོད་པའི་ཆེས་ཆེ་བའི་དབུལ་བོའི་འདུས་སྡོད་ཁུལ་ཞིག་ཡིན་ལ། རླུང་འཚུབ་དང་དྲག་ཆར་ཁྲོད་གནས་འདིའི་སྡོད་ཁང་མང་བོར་གཏོར་བརླག་ཐེབས་ནས་སྡོད་དམངས་མང་པོ་འགྲོ་ས་མེད་པར་གྱུར།

གསར་འགོད་པ་ཝང་ལུའུ་ལུའུ་ཡིས་བཤད་རྒྱུར། གནས་འདི་ནི་གནས་སྐབས་སུ་བསྒྱུར་བཟོ་བྱས་པའི་ཉེན་གཡོལ་ལྟེ་གནས་ཤིག་ཡིན། ཉིན་འགའི་སྔོན་རླུང་འཚུབ་སུའུ་ལ་ཞེས་པས་ཧྥི་ལི་ཕིན་ལ་གནོད་པ་ཚབས་ཆེན་བཟོས་པ་དང་། སྐབས་དེར་འདིའི་ཉེ་འཁོར་གྱི་ཁྱིམ་ཚང་བརྒྱ་ལྷག་གི་སྡོད་ཁང་བཤིག་སོང་། དེའི་རྐྱེན་གྱིས་ཁྱིམ་ཚང་དེ་ཚང་མ་གནས་འདིར་སྤར་ནས་གནས་སྐབས་སུ་འདི་རུ་སྡོད་པ་ཡིན་ཟེར།

ཐང་ཏུའུ་ཁུལ་གྱི་སྡོད་ཁང་ཕལ་ཆེ་བ་དག་ནི་རྡོ་ལེབ་དང་ཤིང་ལེབ་གྱི་བརྩིགས་པ་ཡིན་པས་རང་བྱུང་གནོད་འཚེ་ཐེབས་སླ། ཐེངས་འདིར་མ་ཉི་ལར་དྲག་ཆར་བབས་པས་ཧྥི་ལི་ཕིན་སྲིད་གཞུང་གིས་མགྱོགས་མྱུར་སྒོས་ཁྲིམས་འགལ་གྱི་བཟོ་བཀོད་འབུམ་ལྔ་ལྷག་བཤིག་དགོས་པར་མ་ཟད་གནས་འདིའི་སྡོད་དམངས་དག་ཉེ་འཁོར་གྱི་ཞིང་ཆེན་དང་ཡང་ན་མཐའ་སྐོར་གྱི་བདེ་འཇགས་ས་ཁུལ་དུ་བཀོད་སྒྲིག་བྱེད་དགོས་པའི་བཀའ་ཕབ། གཞན་ཧྥི་ལི་ཕིན་རྒྱལ་ཁབ་གནོད་འགོག་ཨུ་ཡོན་ལྷན་ཁང་གིས་བཤད་པ་ལྟར་ན། དྲག་ཆར་བབས་པ་དེས་ལོ་ཏོག་དང་རྨང་གཞིའི་སྒྲིག་ཆས་ལ་ཐེབས་པའི་གྱོང་གུན་དེ་ཧྥེ་ལི་ཕན་གྱི་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་བཞི་ལ་སླེབས་ཡོད་ཟེར། དེ་མི་དམངས་ཤོག་སྒོར་ལ་བཀུག་ན་སྒོར་བྱེ་བ་ལྔ་དང་ས་ཡ་གཉིས་རེད།  ། 

  • ལེ་ཚན་སྔོན་མ།:སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རང་བྱུང་སྐད་བརྡའི་ན་གཞོན་ཞིབ་འཇུག་པའི་རིག་གཞུང་བགྲོ་གླེང་ཚོག
  • ལེ་ཚན་རྗེས་མ།:འཁྱགས་ཀླུང་རྒྱུད་ཀྱི་ཚོང་དོན་ཁམས་གསོ་གླིང་གིས་སྐབས་དང་པོའི་དམངས་ཁྲོད་ལ་གཞས་འགྲན་བསྡུར་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།