ལྷ་ས་རུ“བོད་ལྗོངས་པར་སྐྲུན་རིག་གནས་ཐོན་ལས་གླིང”བསྐྲུན་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-03-13

རྒྱུས་ལོན་བྱུང་བ་ལྟར་ན་ལྷ་ས་རུ“བོད་ལྗོངས་པར་བསྐྲུན་རིག་གནས་ཐོན་ལས་གླིང”བསྐྲུན་རྒྱུ་ཡིན་ཞིང་།ཐོག་མའི་བཟོ་གྲྭ་འགོ་བརྩམས་པ་རེད།བོད་ལྗོངས་པར་སྐྲུན་རིག་གནས་ཐོན་ལས་གླིང་གི་ཁོངས་སུ་དཔེ་དེབ་དང་།ཚགས་པར་དུས་དེབ།འགུལ་རིས།སྒྲ་བརྙན་གློག་རྡུལ་པར་སྐྲུན་དང་འགྲེམ་སྤེལ།གྲངས་འཛིན་པར་སྐྲུན།སྨྱན་བྱད།འཁྲབ་སྟོན།བོད་ལྗོངས་སྲོལ་རྒྱུན་རིག་གནས་སོགས་ཁྱབ་ཁོངས་མང་དུ་འདུས་ཤིང་།མིག་སྔར་ཐོག་མའི་བཟོ་གྲྭ་ལ་མ་དངུལ་སྒོར་བྱེ་བ5བཏང་བ་རེད།འཆར་གཞི་ལྟར་ན་ལོ་གསུམ་ནས་ལྔའི་ནང་དུ་ཐོན་ལས་གླིང་དེ་བོད་ལྗོངས་རིག་གནས་འགྲེམ་སྟོན་དང་།བརྗེ་རེས།རིག་གནས་གནས་སྐོར།རིག་གནས་འཛད་གྲོན།རིག་གནས་བཟོ་ར་བཅས་གཅིག་ཏུ་འདུས་པའི་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལྟེ་གནས་གྲགས་ཅན་ཞིག་ཏུ་བསྐྲུན་རྒྱུ་རེད།ལས་གཞི་འདིའི་ཐོག་མའི་བཟོ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ101དང་སྤྱིའི་མ་དངུལ་དུང་ཕྱུར5གཏོང་རྒྱུ་ཡིན་ལ།2011ལོ་ནས2015ལོའི་བར་དུ་རིམ་པ་གསུམ་དུ་ཕྱེས་ནས་ལས་གཞི་འཛུགས་སྐྲུན་བྱེད་རྒྱུ་རེད།ཐོན་ལས་གླིང་དུ་སྡོད་པའི་པར་སྐྲུན་རིག་གནས་ཁེ་ལས་ཀྱིས་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀྱི་ཁྲལ་བསྡུ་ནོར་སྲིད་སོགས་ཀྱི་དམིགས་བསལ་སྲིད་ཇུས་དང་ལྷ་སའི་འདོན་སྤེལ་ཁུལ་གྱི་དམིགས་བསལ་སྲིད་ཇུས་མྱོང་ཐུབ་པ་རེད།མཚམས་སྦྱོར་བྱས་པ་ལྟར་ན་ལས་གཞི་འདིས2012ལོར་རྒྱལ་ནང་གི་ཁེ་ལས་ཕུལ་བྱུང་ཅན30ཐོན་ལས་གླིང་དུ་ནང་འདྲེན་བྱེད་འཆར་ཡོད་པ་དང་།2013ལོ་ནས2015ལོའི་བར་དུ་ཁེ་ལས100ནས300ནང་འདྲེན་བྱེད་འཆར་ཡོད་པ་རེད། མི་འགྱངས་བར་སྒྲིག་གཞི་ཚུལ་མཐུན་ཡིན་པའི་པར་སྐྲུན་དང་། རིག་གནས། བརྙན་གཟུགས།རོལ་རྩེད་སོགས་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་གླིང་ཞིག་ཏུ་བསྐྲུན་ངེས་རེད།དེར་མ་ཟད་ཤུགས་ཆེན་པོས་རིག་གནས་མཚོན་རྟགས་གསོ་སྤེལ་བྱེད་པའི་བྱ་བ་བསྒྲུབ་ནས་སྙན་གྲགས་ཅན་གྱི་རིག་གནས་ཁེ་ལས་ལ་བརྟེན་ནས་ཐོན་ལས་གླིང་གི་མཚན་སྙན་ཇེ་རྒྱས་དང་ཤན་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཞིང་། ལྷ་སའི་འདོན་སྤེལ་ཁུལ་གྱི་མི་རྒྱུན་དང་། དངོས་ཟོག  ཆ་འཕྲིན། མ་དངུལ་བཅས་རྒྱུག་ཆེ་བའི་དགེ་མཚན་སྤྱད་ནས་བོད་ལྗོངས་ས་ཁུལ་གྱི་ཆེས་ཆེ་བའི་རིག་གནས་གསར་འདོན་ཁེ་ལས་ཀྱི་འདུ་གནས་ཤིག་ཏུ་བསྐྲུན་རྒྱུ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་དགེ་རྒན་ཟབ་སྦྱོང་མཇུག་རྫོགས།
  • ལེ་ཚན་རྗེས་མ།:ནུབ་བྱང་མི་རིགས་སློབ་ཆེན་དུ་གྲངས་ཉུང་མི་རིགས་རྩོམ་རིག་སློབ་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་བཙུགས།
  • དོ་སྣང་ཆེ་བའི་རྩོམ།