ཕག་རྡོར། ཞིན་ཧྭ་གསར་འགྱུར་དྲ་བ། 2012-03-08
ཟླ་གསུམ་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ཀན་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཀན་སུའུ་འཐུས་ཚབ་ཚོགས་པ་རུ་ཕེབས་ཏེ། འཐུས་མི་ཚོའི་བསམ་ཚུལ་དང་གྲོས་གཞི་ལ་ཉན་ནས་ཚང་མ་དང་མཉམ་དུ་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་མཛད། ཚོགས་ཐོག་ཏུ་འཐུས་མི་ཚོས་མཐའ་འཁོབ་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་ཧེ་ཧུ་ཆུ་བོའི་བཞུར་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་།དེ་མིན་ལན་ཀྲིག་ཁུལ་གསར་གྱི་འཛུགས་སྐྲུན་དང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་གཅིག་རྗེས་གཉིས་མཐུད་ཀྱིས་གཏམ་བཤད་སྤེལ། དུས་ཚོད་གཉིས་ལྷག་རིང་གི་གྲོས་ཞིབ་ཁྲོད། ཝུན་ཅ་པའོ་ཡིས་ཐོག་མཐའ་བར་གསུམ་དུ་འཐུས་མི་ཚོས་གཏམ་བཤད་པར་ནན་གྱིས་གསན་པ་དང་། སྐབས་འགར་རང་གི་དགོངས་་ཚུལ་བར་བཅུག་གི་ཚུལ་དུ་བརྗོད་དེ། འཐུས་མི་ཚོ་དང་མཉམ་དུ་གཏིང་ཟབ་པའི་སྒོ་ནས་གྲོས་བསྡུར་དང་ལྟ་ཚུལ་བརྗེས་རེས་བྱས་པས། ཚོགས་ར་ཡོངས་སུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས། འཐུས་མི་ཚོས་གཏམ་བཤད་པར་ཉན་རྗེས། ཝུན་ཅ་པའོ་ཡིས་གསུངས་རྒྱུར། ལོ་འདི་འགའི་རིང་ལ། ངས་ཀན་སུའུ་ལ་བརྗོད་པ་ཆེས་མང་བའི་སྐད་ཆ་ནི་སྐྱེ་ཁམས་འཛུགས་སྐྲུན་ཡིན་ཞིང་། གཙོ་བོ་མེན་ཆིན་གྱི་བྱེ་འགྱུར་བཅོས་སྐྱོང་དང་ཏུན་ཧོང་བྲག་ཕུག་གི་སྲུང་སྐྱོབ། མདོ་ལ་རི་བོའི་འཁྱག་རོམ་ཐང་གི་སྲུང་སྐྱོབ་དང་ཧེ་ཧུ་ས་ཆའི་ཧྲི་དབྱང་ཆུ་བོའི་བཅོས་སྐྱོང་སོགས་དོན་དག་འདི་དག་ལ་དོ་ཁུར་བྱེད་ཀྱིན་ཡོད། ངས་མེན་ཆིན་ས་ཆ་ལའོ་པུ་པའོ་གཉིས་པ་རུ་གཏན་ནས་འགྱུར་དུ་འཇུག་མི་རུང་བ་དང་། ཏུན་ཧོང་ས་ཆའང་ལིག་ལན་གཉིས་པ་རུ་གཏན་ནས་འགྱུར་དུ་འཇུག་མི་རུང་ཞེས་ཐེངས་མང་པོར་བཤད་པ་ཡིན། ཀན་སུའུ་ཕྱོགས་ནས་ཧུར་ཐག་བྱས་ནས། ད་ལྟ་འདིའི་ཕྱོགས་ནས་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད། གྲུབ་འབྲས་འདི་དག་ནི་ཀན་སུའུ་ཡི་ཡུན་རིང་གི་འཕེལ་རྒྱས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སོགས་ལ་དོན་སྙིང་ཆེན་པོ་ལྡན་ཞེས་གསུངས།ཝུན་ཅ་པའོ་ཡིས་གསུངས་རྒྱུར། ཀན་སུའུ་ཡི་འཕེལ་རྒྱས་ནི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་སྙིང་བསྡུས་དཔེ་མཚོན་ལྟ་བུ་ཞིག་ཡིན། ནུབ་རྒྱུད་གསར་སྤེལ་ཆེན་པོ་ནི་ཡུན་རིང་པོའི་བརྒྱུད་རིམ་ཞིག་ཡིན་ཞིང་།ཚན་རིག་གི་འཕེལ་རྒྱས་ལྟ་བའི་རེ་བ་ལྟར། ཕྱོགས་ཡོངས་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ལོ་བཅུའི་རིང་གི་སྲིད་ཇུས་དང་ཐབས་ཇུས་གསར་བ་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཚད་དང་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཆབས་ཅིག ནུབ་རྒྱུད་ས་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཁྱད་ཆོས་དང་དགེ་མཚན་གྱིས་ཕྱུག་པའི་ཐོན་ལས་མགྱོགས་མྱུར་སྒོས་གོང་སྤེལ་བཏང་སྟེ། ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་ལ་ཧུར་ཐག་གིས་བསྒྱུར་ནས། ནུབ་བརྒྱུད་ས་ཁུལ་གྱིས་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ནུས་ཤུགས་ཇེ་ཆེར་གཏོང་དགོས། དམངས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་བྱ་བ་དེ་ནུབ་བརྒྱུད་གསར་སྤེལ་ཆེན་པོའི་དམིགས་འབེན་གཙོ་བོ་རུ་བཟུང་སྟེ། ནུས་ཤུགས་ཡོད་ཚད་བཏོན་ནས་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་ནས། ནུབ་རྒྱུད་ས་ཁུལ་གྱི་མི་དམངས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་དགོས། མུ་མཐུད་དུ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ནས་ནུབ་རྒྱུད་ས་ཁུལ་གྱི་རྒྱུན་བསྲིང་འཕེལ་རྒྱས་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། ལོ་ནས་ལོ་བརྒྱུད་པ་དང་། མི་རབས་ནས་མི་རབས་བརྒྱུད་དེ་འབད་པ་བྱས་ན། ད་གཟོད་གྲུབ་འབྲས་མངོན་གསལ་ཅན་རིག་ཐུབ་ཅེས་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10