རྨ་ཆུ་རྫོང་ལ་ཁངས་འཁྱག་གྱི་གནོད་འཚེ་ཐེབས་ཏེ་དཔལ་འབྱོར་ཐད་ཀྱི་གྱོང་གུན་སྒོར་མོ་ཁྲི1330ལ་བསླེབས

ཚེ་རིང་སྒྲོལ་མ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-02-21

ཟླ2པའི་ཚེས16ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། 2010ལོ་ནས་བཟུང་། མཁའ་དབུགས་འཁྱག་པའི་ཤན་ཤུགས་ཐེབས་འོག ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་དྲོད་ཚད་ཆེས་དམའ་བའི་ཚད་དུ་བསླེབས་པ་དང་། ཁངས་ཉིན་ཉི་ཤུ་ལྷག་གི་རིང་ལ་རྒྱུན་མ་ཆད་པར་བབས། ལྷག་པར་དུ་ཟླ1པོའི་ཚེས12ཉིན་ནས་ཚེས16ཉིན་བར་ཁངས་ཆེན་བབས་ཏེ། དྲོད་གྲང་གོར་ཐིག་མན་གྱི27ལ་བསླེབས་ཤིང་ཁངས་ཀྱི་མཐུག་ཚད་ལིས་རྨིད20ལ་བུད་པ་དང་། དེས་ས་དེའི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནོད་པ་ཅུང་ཆེན་པོ་ཐེབས་ནས། ཁྱིམ་ཚང1049ཡི་མི5245ལ་གནོད་འཚེ་ཐེབས། ཕྱུགས་ལས་དཔལ་འབྱོར་ཐད་གྱོང་གུན་ཐེབས་ཚད་ཚབས་ཆེ་ལ། ཕྱུགས་རྫི་འཁྱག་ཤི་ཐེབས་པའི་གནས་ཚུལ་ཡང་མཚམས་རེར་བྱུང་། ཚེས16ཉིན་བར། ཁངས་དང་འཁྱག་རོམ་གྱི་གནོད་འཚེ་ཐེབས་པའི་གནས་ཚུལ་བསྟུད་མར་བྱུང་བས། རྨ་ཆུ་རྫོང་གི་ཕྱུགས་ཟོག་ཆེ་ཆུང6611ཤི་བ་དང་། དཔལ་འབྱོར་ཐད་ནས་ཐད་ཀར་དུ་སྒོར་ཁྲི1330གི་གྱོང་གུན་ཐེབས།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཁངས་དང་འཁྱག་རོམ་གྱི་གནོད་འཚེ་ཐེབས་རྗེས། རྨ་ཆུ་རྫོང་གིས་བྲེལ་མྱུར་རྒུད་སྐྱོབ་སྒོར་མོ་ཁྲི30ལྷག་བཏང་ནས་རྒུད་སྐྱོབ་འབྲུ་རིགས་ཏུན35དང་། བལ་ལྭ1000། ཉལ་ཐུལ1000། སྦྲ་གུར100། ཕྱུགས་ཟོག་གི་གཟན་རྩྭ་ཏུན3067བཅས་གནོད་འཚེ་ཐེབས་པའི་ས་ཁུལ་དུ་བསྐྱལ་ནས་གནོད་འཚེ་ཐེབས་པའི་མང་ཚོགས་དང་ཕྱུགས་ཟོག་རྣམས་དཀའ་ངལ་ལས་ཐར་བར་རོགས་སྐྱོར་བྱས། །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་དང་པད་ཏིན་གྱིས་ལྷན་དུ་རྒྱལ་སྤྱིའི་ཞིབ་འཇུག་སློབ་སྦྱོང་ལྟེ་གནས་ལ་གཟིགས་སྐོར་མཛད།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་མ་ཁྲི1.7ལ་སློབ་ཡོན་མེད་པར་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།