ཞི་ཅིན་ཕེན་དང་པད་ཏིན་གྱིས་ལྷན་དུ་རྒྱལ་སྤྱིའི་ཞིབ་འཇུག་སློབ་སྦྱོང་ལྟེ་གནས་ལ་གཟིགས་སྐོར་མཛད།

ཚེ་རིང་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-02-21

ཞི་ཅིན་ཕེན་དང་པད་ཏིན་གྱིས་ལྷན་དུ་རྒྱལ་སྤྱིའི་ཞིབ་འཇུག་སློབ་སྦྱོང་ལྟེ་གནས་ལ་གཟིགས་སྐོར་མཛད།

  ས་དེའི་ཚེས17ཉིན། ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་དང་ཨ་རིའི་ཙུང་ཐུང་གཞོན་པ་པད་ཏིན་གཉིས་ཀྱིས་མཉམ་དུ་ལོ་ཧྲན་ཅིའི་རྒྱལ་སྤྱིའི་ཞིབ་འཇུག་སློབ་སྦྱོང་ལྟེ་གནས་ལ་གཟིགས་ཞིབ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་བདུན་ཉིན། ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་དང་ཨ་རིའི་ཙུང་ཐུང་གཞོན་པ་པད་ཏིན་གཉིས་ཀྱིས་མཉམ་དུ་ལོ་ཧྲན་ཅིའི་རྒྱལ་སྤྱིའི་ཞིབ་འཇུག་སློབ་སྦྱོང་ལྟེ་གནས་ལ་གཟིགས་ཞིབ་མཛད།

    ཞི་ཅིན་ཕེན་སློབ་གྲྭར་འབྱོར་དུས། ཙུང་ཐུང་གཞོན་པ་པད་ཏིན་དང་ཀྲུང་གོར་སྡོད་པའི་ཨ་རིའི་གཞུང་ཚབ་པ་ལོ་ཅ་ཧོས། ལོ་ཧྲན་ཅི་གྲོང་ཁྱེར་གྱི་མགོ་གཙོ་ཝེ་ལ་ལེ་ཀི་ས། གཞན་སློབ་གྲྭའི་འགན་འཁུར་པ་རྣམ་པས་སྒོ་ཁ་ནས་བསུ་མ་བྱས། ལྟེ་གནས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་བའི་སློབ་མ་དག་གིས་ཀྲུང་གོའི་སྲོལ་རྒྱུན་གྱི་རྔ་རྡུང་བ་དང་། འབྲུག་བརྩེ་བའི་འཁྲབ་སྟོན་བྱས་ནས་ཀྲུང་གོའི་འཐུས་ཚབ་ཚོགས་པར་དགའ་བསུ་ཆེན་པོ་བྱས། འཁྲབ་སྟོན་མཇུག་རྫོགས་རྗེས། ཞི་ཅིན་ཕེན་དང་པད་ཏིན་གཉིས་མཉམ་གཅིག་ལ་སློབ་ཁང་དུ་བསྐྱོད་ཅིང་། སློབ་མ་ཚོ་དང་ཁ་བརྡ་དང་འབྲེལ་འདྲིས་བྱས་པ་མ་ཟད། ཁོ་ཚོའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་། སློབ་གསོ་རིག་གནས་འབྲེལ་འདྲིས། མི་སྒེར་གྱི་བྱ་བ་དང་སློབ་སྦྱོང་སོགས་ཐད་ཀྱི་དྲི་བར་ལན་བཏབ། དེའི་རྗེས་སུ་སློབ་གྲོགས་ཚོས་ཞི་ཅིན་ཕེན་དང་པད་ཏིན་གཉིས་ལ་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱིས“ཀྲུང་གོ་དང་ཨ་རིའི་མཛའ་འབྲེལ་ཡུན་རིང་དུ་བརྟན་པར་ཤོག”ཅེས་བྲིས་ཡོད་པའི་སྟོད་ཐུང་དང་རི་མོའི་བརྩམས་ཆོས་ཕུལ།

    ཞི་ཅིན་ཕེན་གྱིས་དགེ་སློབ་རྣམས་ལ་གསུངས་རྒྱུར། ན་གཞོན་ནི་རྒྱལ་ཁབ་ཀྱི་མ་འོངས་པ་ཡིན་ལ། སློབ་གསོ་ནི་རྒྱལ་ཁབ་འཛུགས་པའི་གཞི་རྩ་ཡིན། ཀྲུང་གོ་ནས་ཤེས་བྱ་དང་ཤེས་ཡོན་ཅན། དགེ་བའི་བཤེས་གཉེན་བཅས་ལ་ར་བརྩི་བཀུར་བྱེད་པ་ནི་སྲོལ་རྒྱུན་གྱི་ཀུན་སྤྱོད་ལེགས་པོར་བརྩི་བ་ཡིན། ཨ་རི་ནི་འཛམ་གླིང་སྟེང་སློབ་གསོ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་ལ། ཀྲུང་གོའི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ཀྱང་ཧ་ཅང་མགྱོགས། ཀྲུང་གོ་དང་ཨ་རིས་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་གོང་འཕེལ་ལ་མི་སྣ་འཇོན་ཐང་ཅན་མང་པོ་གསོ་སྐྱོང་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་མཛའ་མཐུན་མཉམ་ལས་ཀྱི་བྱ་གཞག་ལ་རྗེས་མཐུད་ཀྱི་མི་སྣ་མང་པོ་གསོ་སྐྱོང་བྱེད་དགོས་ཟེར། ཁོང་གིས་སློབ་གྲོགས་ཚོས་མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་དུས་སྐབས་ལ་གཅེས་སྤྲས་བྱས་ཏེ་སྙིང་རུས་བསྐྱེད་ཅིང་སློབ་སྦྱོང་ལ་འབད་བརྩོན་བྱས་ནས། མ་འོངས་པར་ལས་དོན་ལེགས་པོ་ཞིག་འགྲུབ་པར་ཕྱོགས་གང་ཅིའི་ཐད་ནས་རྨང་གཞི་འདིང་དགོས་པའི་ཐུགས་རེ་བཏོན། ཞི་ཅིན་ཕེན་གྱིས་ཚང་མས་རྒྱ་ཡིག་སློབ་ནས། ཀྲུང་གོའི་ལོ་རྒྱུས་ལ་རྒྱུས་ལོན་དང་། ཀྲུང་གོའི་རིག་གནས་ཀྱི་གཟི་ཉམས་རྟོགས་པར་བྱས་ཏེ། ཀྲུང་གོ་མི་དམངས་དང་ལྷག་པར་དུ་ཀྲུང་གོའི་ན་ཆུང་སློབ་མ་དང་ན་གཞོན་སློབ་མའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་རིའི་མཛའ་མཐུན་གྱི་ཕོ་ཉ་ཞིག་བྱེད་པར་སྐུལ་ལྕག་བཏང་།

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་ད་ལོའི་དཔྱིད་ཀར་སློབ་མགོ་ཚུགས་པ་ནས་བཟུང་སྟེ་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་གྲོན་དངུལ་
  • ལེ་ཚན་རྗེས་མ།:རྨ་ཆུ་རྫོང་ལ་ཁངས་འཁྱག་གྱི་གནོད་འཚེ་ཐེབས་ཏེ་དཔལ་འབྱོར་ཐད་ཀྱི་གྱོང་གུན་སྒོར་མོ་ཁྲི1330ལ་བསླེབས
  • དོ་སྣང་ཆེ་བའི་རྩོམ།